མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་མྱུར་དུ་དངོས་འབེབས་བྱེད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-24 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས23ཉིན་བསྟན་དོན། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཉམས་མྱོང་དང་བསླབ་བྱ་བསྡུ་ལེན་བྱས་ཏེ། ཉིང་སྟོང་བཅོ་ལྔ་ལོའི་ཆེས་མཇུག་མཐའི་དུས་ཡུན་གྱི་སྔོན་ལ་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་མྱུར་དུ་དངོས་འབེབས་བྱེད་དགོས་ཟེར།

ཕན་ཅི་བུན་གྱིས་ཉིན་དེར་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་གྱི་གྲུབ་འབྲས་ཏེ། མྱུར་དུ་མཉམ་ལས་ལ་བརྟེན་ནས་རྒྱལ་ཁར་ཡར་སྐུལ་བྱེད་དགོས་ཞེས་པའི་མཐོ་རིམ་གླེང་སྟེགས་ལ་མགོ་འཛིན་བྱས། ཁོས་གླེང་སྟེགས་མགོ་རྩོམ་སྐབས་གཏམ་བཤད་སྤེལ་ཏེ། རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་ཉིས་སྟོང་ལོར་བཀོད་པའི་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་དེ་འཛམ་གླིང་ལོ་རྒྱུས་སྲེང་མིའི་རིགས་ལ་བདེ་སྐྱིད་སྐྲུན་པའི་འཕེལ་རྒྱས་རླབས་ཆེན་ལ་ཡར་སྐུལ་བྱེད་པའི་སྒུལ་ཤུགས་སུ་གྱུར་ཡོད་པ་དང་། ལོ་ངོ་བཅུ་གསུམ་རིང་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབུལ་ཕོངས་སེལ་བ་དང་བདེ་ཐང་ལ་ཡར་སྐུལ་བྱེད་པ། སློབ་གསོ་ཁྱབ་གདལ་དུ་གཏོང་བ་སོགས་ཁྱབ་ཁོངས་མང་བོ་ནས་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་བླངས་ཡོད་ཟེར།

ཕན་ཅི་བུན་གྱིས་ད་རུང་བཤད་རྒྱུར། ང་ཚོའི་འཕེལ་རིམ་དེ་ད་རུང་ཡོངས་འགྲུབ་བྱས་མེད་པ་དང་། སྟོང་ལོའི་འཕེལ་རྒྱས་དམིགས་འབེན་ཁྲོད་ཀྱི་དམིགས་འབེན་མང་བོ་ད་རུང་མངོན་འགྱུར་བྱུང་མེད། དུས་ཚོད་མང་བོ་མེད་པ་དང་དེ་རིང་ནས་ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་བར་གྱི་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་ཆེས་མཇུག་མཐའི་དུས་ཡུན་བར་ཉིན་བརྒྱད་བརྒྱ་དང་ཉེར་དགུ་ལས་མེད་ཟེར། ཁོས་བླངས་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུ་བའི་ཞོར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་སྔོན་ཆད་ཀྱི་རྒྱལ་ཁ་དང་ཕམ་ཁའི་ཁྲོད་ཉམས་མྱོང་དང་བསླབ་བྱ་བསྡུ་ལེན་བྱས་ཏེ། ལོ་གཉིས་ཀྱི་དུས་ཡུན་ནང་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་མྱུར་དུ་དངོས་འབེབས་བྱེད་དགོས་པ་ནན་བཤད་བྱས།

ཕན་ཅི་བུན་གྱིས་བསྟན་དོན། སྟོང་ལོའི་འཕེལ་རྒྱས་དམིགས་འབེན་ནི་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་བཀོད་པ་ཡིན་ཡང་། སྲིད་གཞུང་ཁོ་ནར་བརྟེན་ན་དམིགས་འབེན་དེ་དག་མངོན་འགྱུར་བྱེད་ཐབས་མེད། ཚད་ཡོད་པའི་དུས་ཡུན་ནང་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་ངེས་པར་དུ་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་། དམངས་ཁྲོད་སྤྱི་ཚོགས། བཟོ་ཚོང་ལས་རིགས། དངུལ་ལོར་ལས་ཁུངས། དགེ་སྒྲུབ་ཚོགས་ཁག རྒྱལ་སྤྱིའི་རྩ་འཛུགས་སོགས་ཕྱོགས་མང་བོས་གྲུབ་པའི་གྲོགས་པོའི་འབྲེལ་བ་དང་འགུལ་སྐྱོད་མནའ་འབྲེལ་ལ་བརྟེན་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག