མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་དབྱི་ལིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་བར་ངོ་བོ་རང་བཞིན་ལྡན་པའི་འབྲེལ་འདྲིས་བྱེད་དགོས་པའི་རེ་བ་བཏོན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-24 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་སཱ་ཅི་ཡིས་ཚེས23ཉིན་བསྟན་དོན། དབྱི་ལིང་གི་སྲིད་གཞུང་གསར་བས་རྒྱལ་སྤྱིའི་སྤྱི་ཚོགས་བར་ངོ་བོ་རང་བཞིན་ལྡན་པའི་འབྲེལ་འདྲིས་བྱས་ཏེ། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན།

ཕུའུ་སཱ་ཅི་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་་གི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་མཉམ་ལས་བྱས་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞི་ལ་དཔྱད་ཞིབ་བྱེད་པར་རེ་བས་ཁེངས་ཡོད། གལ་ཏེ་དབྱི་ལིང་སྲིད་གཞུང་གིས་ཨ་མེ་རི་ཁའི་བར་ནན་ཏན་གྱིས་འབྲེལ་འདྲིས་བྱེད་འདོད་ཡོད་ན། ཨ་མེ་རི་ཁའི་ཕྱོགས་ཀྱིས་དབྱི་ལིང་དང་མཉམ་ལས་བྱེད་འདོད་ཡོད་ཟེར།

ཕུའུ་སཱ་ཅི་ཡིས་བསྟན་དོན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་གཉིས་ཀྱིས་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱི་དྲུག་གི་ཕྱི་འབྲེལ་བློན་ཆེན་དང་གྲོས་མོལ་བྱེད་པར་འཐད་པ་བྱུང་བར་དགའ་བསུ་ཞུ། ཐེངས་འདིའི་གྲོས་མོལ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱིས་འདུམ་འགྲིག་བྱས་ཏེ་བསྡུས་པ་ཡིན་ལ། དེའི་དམིགས་ཡུལ་ནི་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་དེ་ཡིན་ཟེར།

ཉིན་དེར་ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཁཱ་ནེ་ཡིས་བསྟན་དོན། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་མིག་སྔར་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་ཞུགས་པའི་སྐབས་སུ་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་དང་གྲོས་མོལ་བྱེད་པར་བཀོད་སྒྲིག་བྱས་མེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག