མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་མིང་ཐོར་ཞིབ་འཇུག་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-23 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་ཡོངས་ཀྱི་རྫས་འགྱུར་མཚོན་ཆར་ལྟ་རྟོག་དང་མེད་པར་བཟོ་བའི་འགན་ཁུར་བའི་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱིས་ཚེས21ཉིན་བདེན་དཔང་བྱས་དོན། སི་རི་ཡཱ་རྒྱལ་ཁབ་ཀྱིས་རྫས་འགྱུར་མཚོན་ཆའི་མིང་ཐོ་སྤྲད་པ་དང་། ཐོག་མའི་ཚོད་དཔག་ཙམ་བྱས་ན་སི་རི་ཡཱ་རུ་རྫས་འགྱུར་མཚོན་ཆ་ཏུན་སྟོང་གཅིག་ནས་ཏུན་སྟོང་གཅིག་དང་སུམ་བརྒྱ་ཙམ་ཉར་འཇོག་བྱས་ཡོད་ཟེར། ཡིན་ན་ཡང་ཨ་མེ་རི་ཁ་གཙོ་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་སི་རི་ཡཱའི་སྲིད་གཞུང་རྫས་འགྱུར་མཚོན་ཆར་ངོ་རྒོལ་བྱེད་པའི་གྲོས་ཆོད་དང་འགལ་རྗེས་ཆད་གཅོད་བྱེད་ཐབས་སྤྱོད་བསམ་བློ་གཏོང་བཞིན་ཡོད་པ་དང་། དམག་དོན་འགུལ་སྐྱོད་ཀྱི་འཇིགས་ཉེན་སྔར་བཞིན་ཡོད་ཟེར།

སི་རི་ཡཱ་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ལ་གསོག་འཇོག་བྱས་པའི་རྫས་འགྱུར་མཚོན་ཆའི་མིང་ཐོ་སྤྲད་པ་དང་། དེའི་ནང་རིགས་སྣ་དང་ཉར་འཇོག་བྱེད་ཐབས། ཉར་འཇོག་བྱེད་ས་བཅས་འདུས། རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་རྩ་འཛུགས་ཀྱིས་ཁྱབ་སྒྲོག་བྱས་དོན། ཆེད་མཁས་པ་རྩ་འཛུགས་བྱས་ཏེ་སི་རི་ཡའའི་རྫས་འགྱུར་མཚོན་ཆའི་ཚང་རྩིས་དང་སྐྱེལ་འདྲེན། ཉར་འཇོག མེད་པར་བཟོ་བ་བཅས་ཀྱི་སྒྲིག་རིམ་གཏན་འབེབས་བྱེད་རྒྱུ་ཡིན་ཟེར། ཆེད་མཁས་པ་དག་སི་རི་ཡཱ་རུ་སོང་ནས་འདོན་སྤྲོད་བྱས་པའི་རྒྱུ་ཆ་དང་དོན་དངོས་གསོག་ཚད་ལ་དཔྱད་ཞིབ་བྱས་རྗེས་ཐག་གཅོད་བྱེད་ཐབས་གཏན་འབེབས་བྱེད་རྒྱུ་རེད།

ཨ་མེ་རི་ཁས་བཤད་རྒྱུར། ཨ་མེ་རི་ཁའི་དཔོན་ཕྱོགས་སི་རི་ཡཱའི་སྲིད་གཞུང་གིས་མྱུར་དུ་རྫས་འགྱུར་མཚོན་ཆའི་མིང་ཐོ་སྤྲད་པར་དགའ་སྤྲོ་སྐྱེས་ཡོད་པ་དང་། སི་རི་ཡཱའི་སྲིད་གཞུང་གི་སྙན་ཞུ་དེ་ཝ་ཧྲིན་ཏོན་གྱིས་ཚོད་དཔག་བྱས་པ་ལས་ཁ་ཚང་ཡིན་པར་འདོད། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཀྱང་བསྟན་དོན། ཞི་བའི་ཐབས་ལ་བརྟེན་ནས་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་གནས་གཞན་དུ་བསྐྱལ་ཐུབ་རུང་། བྲེལ་མྱུར་གྱིས་འགུལ་སྐྱོད་སྤེལ་དགོས་ཟེར།

རྫས་འགྱུར་མཚོན་ཆ་དེ་དག་སུས་མེད་པར་བཟོ་བའི་ཐད་ནས་ཨ་མེ་རི་ཁས་ཨུ་རུ་སི་རྒྱལ་ཁབ་ཀྱིས་བྱ་བ་དེའི་འགན་ཁུར་དགོས་པའི་རེ་བ་བཏོན། ཨུ་རུ་སིའི་ཚན་རིག་གླིང་འཛམ་གླིང་དཔལ་འབྱོར་དང་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་ཁང་གི་མཚོན་ཆའི་གནད་དོན་གྱི་ཆེད་མཁས་པ་ཁཱ་ལེ་ཉིན་ནཱ་ཡིས་བསྟན་དོན། རྫས་འགྱུར་མཚོན་ཆ་དེ་རིགས་སྐྱེལ་འདྲེན་བྱེད་པར་མ་དངུལ་འབོར་ཆེན་གཏོང་དགོས་པ་དང་། ཆེད་སྤྱོད་ཀྱི་ཟོང་གསོག་ལྕགས་སྒམ་དང་གྲུ་གཟིངས། ལམ་བར་གྱི་བདེ་འཇགས་འགན་སྲུང་བྱེད་ཐབས་སོགས་དགོས་པས། ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ་གཅིག་བཏང་ཡང་འདང་དཀའ་ལ། ཚོད་དཔག་བྱས་ན་རྫས་འགྱུར་མཚོན་ཆ་སྐྱེལ་འདྲེན་བྱེད་པར་སྲུང་སྐྱོབ་བྱ་ཆེད། རྒྱལ་ཁབ་སོ་སོའི་དམག་མི་ཁྲི་གཅིག་ཙམ་འགུལ་སྐྱོད་དེར་ཞུགས་དགོས་ཟེར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་གཉིས་ཉིན་བསྟན་དོན། མའོ་སི་ཁི་ཡིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་འཕེལ་རིམ་ཁྲོད་ཞུགས་སུ་འཇུག་དགོས་པའི་འདོད་བློ་བཅངས་ཡོད་ཟེར།

སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ཇེ་གཉོམ་དུ་འགྲོ་བའི་སྣང་ཚུལ་ཡོད་པ་དང་། སི་རི་ཡཱའི་རྒྱལ་ཡོངས་མནའ་འབྲེལ་གྱི་ཀྲུའུ་ཞི་ཅཱར་པཱ་ཡིས་ཚེས22ཉིན་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་དབང་ཤུགས་ཆེན་པོ་ལྡན་པའི་བར་བརྒལ་སྲིད་གཞུང་བཙུགས་པའི་རྨང་གཞིའི་སྟེང་སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་འདོད་ཡོད་ཟེར། སི་རི་ཡཱའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཨུ་ཡོན་ཨ་ལི་ཡིས་བལྟས་ན། ཅཱར་པཱ་ཡི་རྣམ་འགྱུར་དེ་ལས་ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་ཀྱིས་སི་རི་ཡཱའི་གནད་དོན་ཐད་ཀྱི་གྲོས་མོལ་རབས་དང་རིམ་པར་གྲུབ་འབྲས་ཐོབ་པ་དང་། ངོ་རྒོལ་ཕྱོགས་ཁག་གིས་པཱ་ཧྲ་ཨར་གྱིས་དབང་ཆ་བསྐྱུར་བ་གྲོས་མོལ་ལ་ཞུགས་པའི་སྔོན་འགྲོའི་ཆ་རྐྱེན་དུ་བྱེད་མཚམས་འཇོག་དགོས་པ་མངོན་པར་མཚོན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག