མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་སི་རི་ཡཱའི་སྲིད་གཞུང་གིས་སྤྲད་པའི་རྫས་འགྱུར་མཚོན་ཆར་མགོ་སྐོར་གྱི་བྱ་སྤྱོད་འདྲ་ཡོད་ན་པཱ་ཧྲ་ཨར་ལ་རྒྱབ་སྐྱོར་བྱེད་རྒྱུ་མིན་པའི་ཉེན་བརྡ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-23 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་དབྱི་ཝན་ནོའུ་ཧྥུའུ་ཡིས་ཚེས21ཉིན་ཉེན་བརྡ་བཏང་སྟེ། ཨུ་རུ་སིའི་ཕྱོགས་ཀྱིས་སི་རི་ཡཱའི་སྲིད་གཞུང་གིས་སྤྲད་པའི་རྫས་འགྱུར་མཚོན་ཆའི་བརྒྱུད་རིམ་ཁྲོད་མགོ་སྐོར་གྱི་བྱ་སྤྱོད་གང་རུང་ཡོད་པ་ཤེས་ན། སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱི་སྲིད་དབང་ལ་རྒྱབ་སྐྱོར་བྱེད་རྒྱུ་མིན་ཟེར།

དབྱི་ཝན་ནོའུ་ཧྥུའུ་ཡིས་ཉིན་དེར་སུའེ་ཏེན་གྱི་སི་ཏི་ཀིར་མོ་ནས་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ཁང་གིས་སྤེལ་བའི་གྲོས་ཚོགས་ཤིག་ལ་ཞུགས་སྐབས་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་སྤྲོད་པའི་གྲོས་གཞི་གླེང་།

ཁོས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་གཟའ་འཁོར་གཅིག་གི་ནང་སི་རི་ཡཱའི་སྲིད་གཞུང་གི་རྫས་འགྱུར་མཚོན་ཆ་ཡོད་ཚད་གར་ཡོད་ལ་རྒྱུས་ལོན་བྱེད་འདོད་ཡོད་པ་དང་། གལ་ཏེ་པཱ་ཧྲ་ཨར་གྱིས་མགོ་སྐོར་གཏོང་བཞིན་པ་ཤེས་ན། ང་ཚོས་ལངས་ཕྱོགས་བསྒྱུར་སྲིད་ཟེར།

ད་ལྟའི་དུས་རིམ་ནང་ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་གནད་དོན་ཐད་ནས་གྲོས་མཐུན་བཀོད་དེ། གལ་ཏེ་སི་རི་ཡཱའི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཨུ་རུ་སིས་བཀོད་པའི་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་གྲོས་མཐུན་ལག་བསྟར་མ་བྱས་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་ལེའུ་བདུན་པའི་ནང་དོན་ལྟར་འགུལ་སྐྱོད་རྒྱུ་ཐག་གཅོད་པར་ཡར་སྐུལ་བྱེད་རྩིས་ཡོད། དོན་ཚན་དེ་དམག་དོན་འགུལ་སྐྱོད་དང་དཔལ་འབྱོར་བཀག་སྡོམ་ལ་འབྲེལ་བ་ཡོད། ཡིན་ན་ཡང་ཨུ་རུ་སི་རྒྱལ་ཁབ་ཀྱིས་དོན་ཚན་དེའི་གྲོས་ཆོད་དང་ལེན་བྱེད་ཐབས་མེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག