མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་གྱི་ཆོས་ཁང་ནས་རང་སྲོག་གཅོད་པའི་མུ་འབྲེལ་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་དོན་བརྒྱད་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-23 11:18

1.jpg

སྤྱི་ཟླ9བའི་ཚེས22ཉིན། ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་པཱ་ཧྲ་ཝ་གྲོང་ཁྱེར་ནས། མི་རྣམས་མུ་འབྲེལ་འགས་གཏོར་འཇབ་རྒོལ་བྱུང་སར་འདུས་ཡོད་པ། ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་པེ་ཧྲ་ཝ་གྲོང་ཁྱེར་གྱི་ཆོས་ཁང་ཞིག་ལ་ཉིན་དེའི་སྔ་དྲོར་རང་སྲོག་གཅོད་པའི་མུ་འབྲེལ་འགས་གཏོར་འཇབ་རྒོལ་ཐེབས་ཏེ། མིག་སྔར་མི་དོན་བརྒྱད་རྐྱེན་ལམ་དུ་ཤོར།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་དཔོན་ཕྱོགས་ཀྱིས་ཚེས22ཉིན་བཤད་རྒྱུར། ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་པེ་ཧྲ་ཝ་གྲོང་ཁྱེར་ནས་ཉིན་དེར་ཡེ་ཤུའི་ཆོས་ཁང་ཞིག་ཏུ་རང་སྲོག་གཅོད་པའི་མུ་འབྲེལ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་དོན་བརྒྱད་རྐྱེན་ལམ་དུ་ཤོར་ཟེར།

    པེ་ཧྲ་ཝ་ཡི་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཁྲ་ཞི་ཨར་གྱིས་བསྟན་དོན། ཉིན་དེར་བྱུང་བའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི་དོན་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བརྒྱ་དང་ཞེ་དྲུག་ལྷག་ལ་རྨས་ཕོག རྨས་མ་རྣམས་ལ་མིག་སྔར་ས་དེའི་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་སྔ་དྲོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ཞེ་ལྔའི་སྟེང་ས་དེའི་གནའ་བོའི་ཆོས་ཁང་ནས་བྱུང་བ་དང་། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་གཉིས་ཆོས་ཁང་དུ་ཡོང་ནས། དད་ལྡན་པ་དག་གིས་གསོལ་འདེབས་བྱས་རྗེས་ཆོས་ཁང་ནས་ཕྱིར་འགྲོ་སྐབས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་བ་རེད། དོན་རྐྱེན་བྱུང་ས་དེར་མི་ལྔ་བརྒྱ་དང་དྲུག་བརྒྱ་ཡོད་ཟེར།

    ས་དེའི་སྨན་ཁང་གི་མགྲིན་ཚབ་པས་བཤད་རྒྱུར། ཤི་བོའི་ཁྲོད་ཉེན་རྟོག་པ་གཉིས་དང་བྱིས་པ་བདུན། བུད་མེད་སོ་བཞི་ཡོད་ལ། རྨས་མའི་ཁྲོད་བུད་མེད་ཞེ་བཞི་དང་བྱིས་པ་བཅུ་གཅིག་ཡོད། རྨས་མ་ལ་ལའི་རྨས་སྐྱོན་ཚབས་ཆེན་ཡིན་པའི་དབང་གིས་ཤི་བོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

    ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་གཉིས་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་དང་། འཇབ་རྒོལ་མཁན་གྱིས་མི་རེས་འགད་རྫས་སྤྱི་རྒྱ་བདུན་ཙམ་རེ་ཁུར་ཡོད་ལ། ཉེན་རྟོག་ཕྱོགས་ཀྱིས་ཡུལ་དངོས་ནས་འཇབ་རྒོལ་མཁན་གྱི་བེམ་པོ་རྙེད་ཡོད་ཟེར།

    འཇབ་རྒོལ་དོན་རྐྱེན་དེ་ལས་ཕཱ་ཁི་སི་ཐན་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེན་པོ་སོ་སོའི་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པ་རྣམས་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱས། ཕཱ་ཁི་སི་ཐན་གྱི་ཡེ་ཤུའི་ཆོས་ལུགས་ཚོགས་ཁག་གིས་འཇབ་རྒོལ་དོན་རྐྱེན་དེར་དུས་ཡུན་ཉིན་གསུམ་ལ་ངོ་རྒོལ་བྱ་འགུལ་སྤེལ་ཏེ། སྲིད་གཞུང་གིས་ཕཱ་ཁི་སི་ཐན་མངའ་ཁོངས་ཀྱི་ཆོས་ཁང་གི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་འདོན་རྒྱུ་ཁྱབ་སྒྲོག་བྱས།

    ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཧི་སེ་ཡུན་དང་ཙུང་ལི་ཞེ་ལི་ཧྥུའུ་གཉིས་ཀྱིས་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་།

    བསྒྲགས་པའི་གནས་ཚུལ་ལྟར་ན། ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་ཡན་ལག་རུ་ཁག་ཅིག་གིས་འཇབ་རྒོལ་དོན་རྐྱེན་དེར་འགན་ཁུར་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། ཁོ་ཚོས་མུ་མཐུད་དུ་མུའུ་སི་ལིན་གྱི་དད་ལྡན་པར་འཇབ་རྒོལ་བྱས་ཏེ། ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུས་ཕཱ་ཁི་སི་ཐན་གྱི་བྱང་ཕྱོགས་ས་ཁུལ་དུ་བར་སྣང་ནས་འཇབ་རྒོལ་བྱེད་མཚམས་འཇོག་རག་བར་རྒྱུན་བསྲིང་རྒྱུ་ཡིན་ཟེར།

    ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཝ་ཅི་ལི་སི་ཐན་བྱང་མའི་ཚོ་ཁག་ས་ཁུལ་དུ་ཉིན་དེའི་ཕྱི་དྲོར་ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག