མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གྱིས་སི་རི་ཡཱ་རུ་ཡོད་པའི་ཨུ་རུ་སིའི་སྤྱི་དམངས་ཕྱིར་འཐེན་བྱེད་པའི་འཆར་གཞི་བཟོས་ཡོད་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-22 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཚེས21ཉིན་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། གལ་ཏེ་སི་རི་ཡཱའི་ཨུ་རུ་སིའི་སྤྱི་དམངས་ཀྱི་བདེ་འཇགས་ལ་འཇིགས་ཉེན་ཐེབས་ན། ཁོ་ཚོ་ཕྱིར་འཐེན་བྱེད་རྒྱུ་ཡིན་ལ། མིག་སྔར་ཨུ་རུ་སིའི་ཕྱོགས་ཀྱིས་དགོས་ངེས་ཀྱི་ཕྱིར་འཐེན་འཆར་གཞི་བཟོ་ཡོད་ཟེར།

ཧྲའོ་དབྱེ་ཀུའུ་ཡིས་བཤད་རྒྱུར། མིག་སྔར་སི་རི་ཡཱ་རྒྱལ་ཁབ་ཏུ་ཨུ་རུ་སིའི་སྤྱི་དམངས་སྟོང་བདུན་ཙམ་ཡོད་པ་དང་། ཨུ་རུ་སིའི་མཚོ་དམག་གི་དམག་གྲུ་དགོས་གལ་ཆེ་བའི་གནས་ཚུལ་འོག་སི་རི་ཡཱའི་གྲུ་ཁར་སོང་ནས་རྒྱལ་ཁབ་རང་གི་སྤྱི་དམངས་ཕྱིར་འཐེན་བྱེད་པའི་འགུལ་སྐྱོད་ལ་ཞུགས་སྲིད་ཟེར། ཧྲའོ་དབྱེ་ཀུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱི་མཛུབ་སྟོན་ལྟར་དུ། ཨུ་རུ་སིའི་འབྲེལ་ཡོད་སྡེ་ཁག་གིས་ཕྱིར་འཐེན་འཆར་གཞི་བཟོས་ཡོད་པ་དང་། ང་ཚོས་གྲ་སྒྲིག་གང་ལེགས་བྱས་ཡོད་ཀྱང་། གནས་ཚུལ་དེ་འདྲ་མི་འབྱུང་བར་སྨོན་ལམ་འདེབས་བཞིན་ཡོད་ཟེར།

ཨུ་རུ་སིའི་དམག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ཀྱིས་སི་རི་ཡཱའི་དམག་དོན་འཁྲུག་རྩོད་ཛ་དྲག་ཏུ་འགྱུར་བའི་གནས་ཚུལ་འོག་རྒྱལ་ཁབ་དེར་ཡོད་པའི་ཨུ་རུ་སི་དང་རང་བཙན་མཉམ་འབྲེལ་ཚོགས་པའི་རྒྱལ་ཁབ་གཞན་གྱི་སྤྱི་དམངས་ཕྱིར་འཐེན་བྱེད་པའི་འགུལ་སྐྱོད་འཆར་གཞི་གཏན་འབེབས་བྱས་ཡོད་པ་དང་། འགུལ་སྐྱོད་འཆར་གཞི་དེས་ཨུ་རུ་སིའི་ཕྱོགས་ཀྱི་མ་འོངས་པའི་སི་རི་ཡཱའི་བདེ་འཇགས་གནས་བབ་ཛ་དྲག་དང་ཡང་ན་ཧ་ཅང་ཛ་དྲག་ཏུ་འགྱུར་བའི་ལྟ་ཚུལ་རྨང་གཞིར་བྱས་ཡོད་ལ། གནས་བབ་ཛ་དྲག་ཏུ་གྱུར་བའི་གནས་ཚུལ་འོག ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་གནམ་གྲུ་བཀོལ་ཏེ་སི་རི་ཡཱ་ནས་རྒྱལ་ཁབ་རང་གི་སྤྱི་དམངས་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དང་། གནས་བབ་ཧ་ཅང་ཛ་དྲག་ཏུ་གྱུར་བའི་གནས་ཚུལ་འོག ས་དཀྱིལ་མཚེའུའི་ཤར་ཕྱོགས་མཚོ་ཁོངས་སུ་གནས་པའི་ཨུ་རུ་སིའི་དམག་གྲུ་རང་གི་སྤྱི་དམངས་ཕྱིར་འཐེན་བྱེད་པའི་འགུལ་སྐྱོད་ལ་ཞུགས་རྒྱུ་རེད་ཟེར།

ད་ལོའི་སྤྱི་ཟླ་བརྒྱད་པའི་ཟླ་སྨད་ལ། །ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་སི་རི་ཡཱ་རུ་གནམ་གྲུ་མངག་གཏོང་བྱས་ཏེ། རྒྱལ་ཁབ་དེ་དང་ཁ་འབྲལ་རྩིས་ཡོད་པའི་ཨུ་རུ་སིའི་སྤྱི་དམངས་ལེན་དུ་སོང་བ་དང་། ཁོ་ཚོའི་ཁྲོད་མང་ཤོས་ནི་བུད་མེད་དང་བྱིས་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག