མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་གྱི་གྲོས་ཁང་འདེམ་བསྐོའི་མཇུག་འབྲས་ཚེས་ཉེར་གཉིས་ཉིན་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པ་དང་མའོ་ཁི་ཨར་གྱིས་བསྟུད་མར་ཙུང་ཐུང་གི་འགན་ཁུར་བར་དོགས་གཞི་ཅི་ཡང་མེད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-22 11:11

m1.jpg

སྤྱི་ཟླ9བའི་ཚེས20ཉིན། སྤྱི་ཚོགས་དམངས་གཙོ་ཏང་གི་ཙུང་ལིའི་འདེམ་སྒུག་མི་སྣ་ཧྲི་ཐེ་ཡུན་པུའུ་ལོས་ཁི་ཡིས་འདུ་ཚོགས་སྟེང་རྒྱལ་ཁའི་ཕྱག་རྒྱ་བྱེད་བཞིན་པ།

m2.jpg

སྤྱི་ཟླ9བའི་ཚེས21ཉིན། འཇར་མན་གྱི་པའོ་ལིན་ནས་ཡེ་ཤུའི་ཆོས་ལུགས་དམངས་གཙོའི་མནའ་འབྲེལ་གྱི་འདུ་ཚོགས་སྟེང་ཙུང་ལི་མའོ་ཁི་ཨར་གྱིས་རྒྱབ་སྐྱོར་མཁན་ལ་གུས་བརྡ་སྟོན་བཞིན་པ།

m3.jpg

སྤྱི་ཟླ9བའི་ཚེས8ཉིན། འཇར་མན་གྱི་ཏུའུ་སེར་ཏའོ་ཧྥུའུ་ནས་སྲིད་འཛིན་ཏང་ཡེ་ཤུའི་ཆོས་ལུགས་དམངས་གཙོའི་མནའ་འབྲེལ་གྱི་འགྲན་རྩོད་འདུ་ཚོགས་སྟེང་། རྩ་འཛུགས་ཕྱོགས་ཁག་གིས་ཞབས་བྲོ་སོགས་འཁྲབ་སྟོན་བཀོད་སྒྲིག་བྱས་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་ངོ་བཞིའི་ནང་ཐེངས་རེ་སྤེལ་བཞིན་པའི་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་འདེམ་བསྐོའི་མཇུག་འབྲས་དེ་ཚེས22ཉིན་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་མགོ་ཁྲིད་པའི་ཡེ་ཤུའི་ཆོས་ལུགས་དམངས་གཙོའི་མནའ་འབྲེལ་དང་ཡེ་ཤུའི་ཆོས་ལུགས་སྤྱི་ཚོགས་མནའ་འབྲེལ་གྱིས་གྲུབ་པའི་མནའ་འབྲེལ་ཏང་གིས་མུ་མཐུད་དུ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་ཏང་ཁག་ཆེན་མོའི་གོ་གནས་སྲུང་འཛིན་བྱེད་ཐུབ་པ་དང་། གལ་ཏེ་གནད་དོན་གཞན་པ་མ་བྱུང་ན་མའོ་ཁི་ཨར་གྱིས་བསྟུད་མར་ཙུང་ཐུང་གི་འགན་ཁུར་བར་དོགས་གཞི་ཅི་ཡང་མེད།

    ལོ་ངོ་བརྒྱད་ལ་སྲིད་བཟུང་བའི་ཚུན་ལ། མའོ་ཁི་ཨར་མི་སྒེར་གྱི་སྲིད་འཛིན་ནུས་པ་དང་། སྲིད་སྐྱོང་གྲུབ་འབྲས། ཡང་ན་སྲིད་སྐྱོང་ལུགས་དང་མི་གཤིས་སོགས་གང་ཡིན་ཡང་འཇར་མན་གྱི་མང་ཚོགས་མང་ཤོས་ཀྱི་ཁས་ལེན་ཐོབ་ཡོད། དམངས་ཀྱི་འདོད་བློར་ཞིབ་བཤེར་བྱས་པའི་མཇུག་འབྲས་ལྟར་ན། མའོ་ཁི་ཨར་ལ་རྒྱབ་སྐྱོར་བྱེད་ཚད་འགྲན་རྩོད་མཁན་སྤྱི་ཚོགས་དམངས་གཙོ་ཏང་གི་ཙུང་ལིའི་འདེམ་སྒུག་མི་སྣ་ཧྲི་ཐེ་ཡུན་པུའུ་ལོས་ཁི་ལས་བརྒྱ་ཆའི་གྲངས་སུམ་ཅུ་ཙམ་གྱིས་མང་བ་རེད།

    འཇར་མན་གྱི་པེ་ཐཱ་སི་མན་ཐེབས་རྩ་ཚོགས་པའི་པུའུ་ལུའུ་སེར་གཞུང་སྒྲུབ་ཁང་གི་འགན་ཁུར་བ་ཧྥེ་ཧྲིར་གྱིས་བཤད་རྒྱུར། མའོ་ཁི་ཨར་གྱིས་བླངས་པའི་གྲུབ་འབྲས་གཙོ་བོ་ནི། འཇར་མན་གྱི་དཔལ་འབྱོར་གནས་བབ་བརྟན་འཇགས་ཡིན་པ་དང་། ནོར་སྲིད་ཡོང་འབབ་ལ་ཡར་སྐུལ་བྱས། དངུལ་བུན་ཇེ་ཉུང་དུ་སོང་བ་དང་ན་གཞོན་གྱི་ལས་ཤོར་ཚད་ཡོ་རོབ་གླིང་ནས་ཆེས་དམའ་མོ་ཡིན། དེ་དག་ཚང་མས་ཁོ་མོ་ཡོ་རོབ་གླིང་དང་འཛམ་གླིང་སྟེང་ཆེས་དབང་ཤུགས་ལྡན་པའི་བུད་མེད་ཅིག་ཏུ་འགྱུར་བར་ནུས་པ་ཐོན་པ་དང་། འཇར་མན་གྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཆབ་སྲིད་ཤུགས་རྐྱེན་དང་དཔལ་འབྱོར་སྟོབས་ཤུགས་ཀྱང་དེའི་དབང་གིས་ཇེ་ཆེར་འགྲོ་བཞིན་ཡོད་ཟེར།

    ཁོས་ད་རུང་བཤད་རྒྱུར། མིག་སྔའི་གནས་ཚུལ་ལ་གཞིགས་ན། མནའ་འབྲེལ་ཏང་དེ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་ཆེས་ཆེ་བའི་ཏང་ཁག་ཏུ་འགྱུར་སྲིད་པ་དང་། མའོ་ཁི་ཨར་གྱིས་བསྟུད་མར་ཙུང་ལིའི་འགན་ཁུར་ཐུབ་པར་དོགས་གཞི་མེད་ཟེར།

    ཧྥེ་ཧྲིར་གྱིས་བཤད་རྒྱུར། འཇར་མན་གྱི་སྲིད་གཞུང་གསར་བས་མུ་མཐུད་དུ་གཟབ་ནན་གྱིས་ནོར་སྲིད་ཀྱི་གྲོན་ཆུང་སྲིད་ཇུས་ལ་ཡར་སྐུལ་བྱེད་རྒྱུ་རེད། གལ་ཏེ་མཉམ་འབྲེལ་སྲིད་གཞུང་བདམས་ཐོན་བྱུང་ན། འབྱུང་སྲིད་པའི་འགལ་བ་ནི་ཡེ་ཤུའི་ཆོས་ལུགས་དམངས་གཙོའི་མནའ་འབྲེལ་གྱིས་མངོན་གསལ་དུ་ཉམས་ཉེན་རྒྱལ་ཁབ་ཀྱི་དངུལ་ལོར་ཉེན་ཁ་མཉམ་ཁུར་བྱེད་པའི་འགན་འཁྲི་དང་ལེན་མི་བྱེད་ལ། ཡོ་རོབ་གླིང་གི་དངུལ་ལོར་འཛིན་བྱང་ནང་འདྲེན་བྱེད་པར་ཁས་ལེན་མི་བྱེད་པ་དང་། སྤྱི་ཚོགས་དམངས་གཙོ་ཏང་གིས་ཡོ་རོབ་གླིང་དངུལ་ལོར་འཛིན་བྱང་དང་དངུལ་ལོར་ཐེབས་རྩའི་སྐྱིན་ཚབ་སྤྲོད་པ་སོགས་ལ་རྒྱབ་སྐྱོར་བྱེད་པ་དེ་རེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག