མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁས་ཙུང་ཐུང་མཱ་ཏུའུ་ལོ་ཡི་ཆེད་བཏང་གནམ་གྲུ་རང་གི་མཁའ་ཁོངས་བརྒྱུད་དུ་མ་བཅུག་པར་རྒོལ་གཏམ་བཏང་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-21 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་ཧའོ་ཡཱ་ཡིས་བསྟན་དོན། ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་གཟའ་འཁོར་འདིའི་གཟའ་མཇུག་ལ་ཆེད་བཏང་གནམ་གྲུར་བསྡད་དེ་ཀྲུང་གོར་འཚམས་འདྲིར་འགྲོ་སྐབས་ཨ་མེ་རི་ཁའི་མཁའ་ཁོངས་བརྒྱུད་དུ་མ་བཅུག་པ་དང་། ཁོས་ཨ་མེ་རི་ཁའི་ཆོད་དོན་དེ་བརྙས་དམོད་དང་བཙན་འཛུལ་གྱི་བྱ་སྤྱོད་ཅིག་ཡིན་པས་རྒོལ་གཏམ་གཏོང་བཞིན་ཡོད་ཟེར།

ཧའོ་ཡཱ་ཡིས་གསར་འགོད་པར་བསྟན་དོན། ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་ལ་ཨ་མེ་རི་ཁའི་དབང་འཛིན་ལས་ཁུངས་ཀྱི་ཙུང་ཐུང་མཱ་ཏུའུ་ལོ་ཡི་ཆེད་བཏང་གནམ་གྲུ་པའོ་ཏོ་ལེ་ཀི་མཁའ་ཁོངས་བརྒྱུད་དུ་མ་བཅུག་པའི་གནས་ཚུལ་འབྱོར་ཡོད་ཟེར།

ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་ཧའོ་ཡཱ་ཡིས་བཤད་རྒྱུར། མི་སུ་ཡིན་ཡང་རྒྱལ་དོན་མཚམས་འདྲི་བྱེད་པའི་རྒྱལ་ཁབ་ཀྱི་ཙུང་ཐུང་ཞིག་གི་ཆེད་བཏང་གནམ་གྲུ་མཁའ་ཁོངས་བརྒྱུད་པར་བཀག་འགོག་བྱེད་མི་རུང་བ་དང་། ཨ་མེ་རི་ཁས་ཆེད་བཏང་གནམ་གྲུ་མཁའ་ཁོངས་བརྒྱུད་དུ་མ་བཅུག་པར་དོན་དང་མཐུན་པའི་གནས་ལུགས་ཤིག་མེད་ཟེར།

ཙུང་ཐུང་མཱ་ཏུའུ་ལོ་དང་མཉམ་དུ་ཀྲུང་གོར་འཚམས་འདྲིར་འགྲོ་རྩིས་ཡོད་པའི་ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་གྱིས་བསྟན་དོན། ཁོའི་རེ་བ་ཡིན་ན་ཨ་མེ་རི་ཁའི་དབང་འཛིན་ལས་ཁུངས་ཀྱིས་ནོར་འཁྲུལ་ཡོ་བསྲང་བྱེད་དགོས་ཟེར། ཁོས་འབྲེལ་ཡོད་ནོར་འཁྲུལ་དེ་རིམ་པ་དམའ་བའི་དཔོན་པོ་ལས་བྱུང་བའི་ལྐོག་བརྡ་བཏང་།

ཨ་མེ་རི་ཁའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བཤད་རྒྱུར། ཅཱ་ལཱ་ཅཱ་སི་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་གྱི་གཏམ་བཤད་དེར་རྣམ་འགྱུར་ཅི་ཡང་བསྟན་མེད་ཟེར།

ཧའོ་ཡཱ་ཡིས་བཤད་རྒྱུར། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་གིས་འགྲུལ་བཞུད་ལ་འགོར་འགྱངས་བྱེད་མི་སྲིད་པས། སྲིད་གཞུང་གིས་ཚབ་བྱེད་ཇུས་གཞི་འཚོལ་བཞིན་ཡོད་ཟེར།།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག