མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཧྥ་རན་སི་རྒྱལ་ཁབ་ཀྱིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་འདོན་སྤྲོད་བྱེད་པའི་འཆར་གཞི་ལ་སྐྱོན་བརྗོད་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-21 10:59

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཉེ་སྔོན་བཤད་རྒྱུར། ཧྥ་རན་སི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་གཞན་པར་མཉམ་འབྲེལ་བྱས་ཏེ་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་འདོན་སྤྲོད་བྱེད་རྩིས་ཡོད་ཟེར། བཤད་ཚུལ་དེ་ལ་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཝེ་སི་ཐི་ཝེ་ལེ་ཡིས་མཐའ་གཅིག་ཏུ་ངོ་རྒོལ་བྱས།

འཇར་མན་ཕྱི་འབྲེལ་པུའུ་ཡིས་ཚེས20ཉིན་གསར་འགྱུར་ལས་རིགས་ཀྱི་གནད་དོན་དེའི་སྐོར་གྱི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཕྱི་འབྲེལ་བློན་ཆེན་ཝེ་སི་ཐི་ཝེ་ལེ་ཡིས་བལྟས་ན། མིག་སྔར་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་འདོན་སྤྲོད་བྱེད་པར་འོས་འཚམ་ཡིན་མིན་ལ་གྲོས་བསྡུར་བྱེད་དགོས་པར་འདོད། ཁོས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་འདོན་སྤྲོད་བྱེད་པར་སྔར་བཞིན་སོམ་ཉིའི་རྣམ་འགྱུར་བཟུང་ཡོད་ཟེར།

ཉིན་དེར་མེ་ལོང་ཚགས་པར་སྟེང་བཀོད་པའི་ཕྱི་འབྲེལ་པུའུ་ཡི་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཝེ་སི་ཐི་ཝེ་ལེ་ཡིས་བལྟས་ན། སི་རི་ཡཱའི་གནད་དོན་དེ་མིག་སྔར་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་སྣང་ཚུལ་ཡོད་པས། ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་འདོན་སྤྲོད་བྱས་ཏེ་གནས་བབ་ཇེ་སྡུག་ཏུ་གཏོང་མི་རུང་བར་འདོད།

ཝེ་སི་ཐི་ཝེ་ལེ་ཡིས་ད་རུང་བསྟན་དོན། ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་འཆར་གཞི་ལ་ཡར་སྐུལ་བྱེད་པར་བརྩོན་བཞིན་ཡོད་པ་དང་། མིག་སྔར་བསྒྲུབ་དགོས་པ་ནི་མཚོན་ཆར་ཚོད་འཛིན་དང་། མཚོན་ཆ་བསྐྱུར་རྒྱུ་དེ་ཡིན་པ་ལས་ས་ཁུལ་དེའི་མཚོན་ཆ་ཇི་ལྟར་ཇེ་མང་དུ་གཏོང་བར་གྲོས་བསྡུར་བྱེད་རྒྱུ་དེ་མིན། ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་འདོན་སྤྲོད་བྱས་ན་མུའུ་སི་ལིན་ཐལ་སྤྱོད་ཉེས་ཅན་གྱི་ལག་ཏུ་ཤོར་ནས། མཇུག་མཐར་མཚོན་ཆ་དེ་དག་བཀོལ་ནས་ང་ཚོར་རྒོལ་ལན་སྤྲོད་སྲིད་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།

ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཉེ་སྔོན་མཱ་ལི་རུ་འཚམས་འདྲི་བྱེད་སྐབས་མངོན་གསལ་གྱིས་བསྟན་དོན། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་པ་དང་མཉམ་འབྲེལ་བྱས་ཏེ། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་འདོན་སྤྲོད་བྱེད་རྩིས་ཡོད་པ་དང་། མཚོན་ཆ་དང་ལེན་བྱེད་མཁན་ནི་སྲིད་གཞུང་དམག་དཔུང་དང་མུའུ་སི་ལིན་ཐལ་སྤྱོད་ཉེས་ཅན་གྱི་བར་དུ་དབུ་མར་གནས་པའི་དམག་དཔུང་ཡིན་ལ། ཧྥ་རན་སི་རྒྱལ་ཁབ་ཀྱིས་མཚོན་ཆ་རྣམས་འཐབ་མཆོག་མཁན་གྱི་ལག་ཏུ་ཤོར་བར་འདོད་མེད་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག