མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡེ་མིན་ནས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཞི་བཅུ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-21 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྟེན་གཞི་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་ཚེས20ཉིན་ཡེ་མིན་ལྷོ་ཕྱོགས་ཀྱི་ཧྲི་པུའུ་བོ་ཞིང་ཆེན་གྱི་དམག་དོན་ཞིབ་བཤེར་ས་ཚིགས་དང་ཉེན་རྟོག་ཅུའུ་ལ་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེངས་མང་སྤེལ་ཏེ། ཉུང་མཐར་ཡང་མི40རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག

ཧྲི་པུའུ་བོ་ཞིང་ཆེན་གྱི་མིང་བཤད་མི་འདོད་པའི་སྲིད་གཞུང་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། རྟེན་གཞི་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་འགད་རྫས་གང་དྲུད་པའི་རླངས་འཁོར་ཞིག་དམག་དོན་ཞིབ་བཤེར་ས་ཚིགས་ཤིག་ནས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་སྲིད་གཞུང་གི་དམག་མི30རྐྱེན་ལམ་དུ་ཤོར་བ་དང་། མི20ལྷག་ལ་རྨས་ཕོག དེའི་རྗེས་སུ་རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་གིས་རླངས་འཁོར་བསྐོར་ནས་ཉེན་རྟོག་ཅུའུ་ཡི་སྤྱི་ཁྱབ་པུའུ་ཞིག་ཏུ་སོང་ནས་འགས་གཏོར་བཏང་བ་ལས། དམག་མི10རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཟེར།

ས་དེའི་སྡོད་དམངས་ཀྱིས་བཤད་རྒྱུར། ཁོ་ཚོས་ཉེན་རྟོག་ཅུའུ་ནས་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་པ་ཐོས་པ་དང་། ཁང་བ་དང་རླངས་འཁོར་འབར་བ་ལས་བྱུང་བའི་དུད་ནག་མཐོང་བར་མ་ཟད། དམག་མི་བཅུ་ཕྲག་འགའི་བེམ་པོ་ཡང་མཐོང་ཟེར།

རྟེན་གཞི་རྩ་འཛུགས་ཨ་རབ་ཕྱེད་གླིང་ཡན་ལག་རུ་ཁག་གིས་དེའི་རྗེས་སུ་འཇབ་རྒོལ་དོན་རྐྱེན་དེར་འགན་འཁུར་རྒྱུ་ཁས་ལེན་བྱས། རྩ་འཛུགས་དེའི་མགྲིན་ཚབ་པ་ཞིག་གིས་གསར་འགོད་པར་བཤད་རྒྱུར། རྩ་འཛུགས་དེའི་དྲག་ཆས་མི་སྣས་ཧྲི་པུའུ་བོ་ཞིང་ཆེན་གྱི་དམག་དོན་ཞིབ་བཤེར་ས་ཚིགས་ཤིག་དང་ཉེན་རྟོག་ཅུའུ་ཞིག་ལ་འཇབ་རྒོལ་བྱས་ཏེ། སྲིད་གཞུང་གི་དམག་མི་ལྔ་བཅུ་ལྷག་བསད་པར་མ་ཟད། དམག་མི་བཅུ་ལྷག་བཙན་ཁྲིད་བྱས་པ་དང་། དེ་ནི་ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུའི་བར་སྣང་འཇབ་རྒོལ་ལ་འཁོན་ལན་སློག་པ་ཡིན་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག