མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པུར་ཀ་རི་ཡཱ་དང་སེར་ཝེ་ཡཱ་རྒྱལ་ཁབ་གཉིས་ཀྱིས་རྨང་གཞིའི་སྒྲིག་ཆས་དང་ནུས་ཁུངས་མཉམ་ལས་ལ་ཤུགས་སྣོན་བྱས་པ།

    2013-09-19 10:40

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པུར་ཀ་རི་ཡཱའི་ཙུང་ཐུང་ཕུའུ་ལེ་ཧྥུའུ་ནེ་ལེ་ཡེ་ཧྥུའུ་ཡིས་ཚེས་བཅོ་བརྒྱད་ཉིན་འཚམས་འདྲིར་ཡོང་བའི་སེར་ཝེ་ཡཱའི་ཙུང་ཐུང་ནེ་ཁི་ལེ་ཆི་དང་གྲོས་མོལ་བྱས་རྗེས་བསྟན་དོན། པུར་ཀ་རི་ཡཱ་དང་སེར་ཝེ་ཡཱ་རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་། ཁྱད་པར་དུ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་ཟེར།

ཕུའུ་ལེ་ཧྥུའུ་ནེ་ལེ་ཡེ་ཧྥུའུ་ཡིས་བསྟན་དོན། པུར་ཀ་རི་ཡཱ་དང་སེར་ཝེ་ཡཱ་རྒྱལ་ཁབ་གཉིས་ཀྱིས་རྨང་གཞིའི་སྒྲིག་ཆས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཡོ་རོབ་གླིང་གི་འགྲིམ་འགྲུལ་ལམ་ཐིག་བཅུ་བའི་འཛུགས་སྐྲུན་མྱུར་དུ་མངོན་འགྱུར་བྱེད་དགོས་པ་དང་། དེའི་ནང་རྒྱལ་ཁབ་གཉིས་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་དང་ལྕགས་ལམ་བསྐྱར་འཛུགས་སོགས་ལས་གཞི་འདུས་ཡོད། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ད་རུང་རྒྱལ་ཁབ་གཉིས་བར་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་འཛུགས་སྐྲུན་བྱེད་པ་དང་ཐད་གཏོང་གནམ་གྲུ་བཀོད་སྒྲིག་བྱེད་པ་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕུའུ་ལེ་ཧྥུའུ་ནེ་ལེ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ང་ཚོས་རྒྱལ་ཁབ་གཉིས་བར་གྱི་ཚོང་ལས་གྲོས་མཐུན་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་དངུལ་གཏོང་མཁན་གྱི་བརྡ་འཕྲིན་བརྗེ་རེས་ལ་ཤུགས་སྣོན་པ་དང་། པུར་ཀ་རི་ཡཱའི་ཁེ་ལས་སེར་ཝེ་ཡཱ་རུ་སོང་ནས་མ་དངུལ་གཏོང་བར་སྐུལ་མ་བྱེད་འདོད་ཡོད་ཟེར།

ཕུའུ་ལེ་ཧྥུའུ་ནེ་ལེ་ཡེ་ཧྥུའུ་ཡིས་ད་རུང་བཤད་རྒྱུར། པུར་ཀ་རི་ཡཱ་རྒྱལ་ཁབ་ཀྱིས་སེར་ཝེ་ཡཱ་དང་མཉམ་དུ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་དུ་སེར་ཝེ་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་སྔ་མོ་ནས་དཔྱད་གླེང་ཚོགས་འདུ་སྤེལ་བར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

ནེ་ཁི་ལེ་ཆི་ཡིས་བསྟན་དོན། སེར་ཝེ་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གནད་དོན་ལ་ཡར་སྐུལ་གཏོང་བའི་ཐད་ནས། པུར་ཀ་རི་ཡཱ་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་པར་གལ་འགངས་ཧ་ཅང་ཆེ། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་བཟང་བོ་བྱས་ཏེ། མིག་སྔའི་ཐུན་མོང་དཀའ་ཁག་ཁྱད་དུ་བསལ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོར་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག