མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་དཔོན་པོས་ཨུ་རུ་སི་དམག་དོན་སྦྱོང་བརྡར་གྱིས་དགྲ་ཕྱོགས་སུ་བརྩི་བ་ཁས་ལེན་མ་བྱས་པ།

    2013-09-19 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བྱང་ཆིངས་རྩ་འཛུགས་ཀྱི་ཆེས་མཐོའི་དམག་དཔོན་དཔོན་པོ། ཨ་མེ་རི་ཁའི་མཁའ་དམག་གི་སྐར་བཞིའི་དམག་དཔོན་པུའུ་ལི་ཏི་ལོ་ཧྥུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ད་ལོའི་ཟླ་བཅུ་གཅིག་པར་ཡོ་རོབ་གླིང་ཤར་མར་སྤེལ་རྒྱུ་ཡིན་པའི་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་དེ་ལས་ཨུ་རུ་སི་དགྲ་ཕྱོགས་སུ་མི་བརྩི་ཟེར།

འཆར་གཞི་ལྟར་ན། ད་ལོའི་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་ནས་ཚེས་དགུའི་ཉིན་བར། བྱང་ཆིངས་རྩ་འཛུགས་ཀྱིས་ཕོ་ལན་དང་ལཱ་ཐའོ་ཝེ་ཡཱ་ནས་ཉིས་སྟོང་དྲུག་ལོའི་ཚུན་གྱི་གཞི་རྒྱ་ཆེས་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་རེད། བྱང་ཆིངས་རྩ་འཛུགས་ཀྱི་དཔོན་རིགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་གིས་གཙོ་བོ་ཇི་ལྟར་ཕྱི་དགྲའི་བཙན་འཛུལ་ལ་འགོག་རྒོལ་བྱེད་པར་སྦྱོང་བརྡར་བྱས་ཏེ། བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་གིས་ཐུན་མོང་འགོག་སྲུང་བྱེད་པའི་ནུས་པར་དཔྱད་ཞིབ་བྱེད་རྒྱུ་རེད།

པུའུ་ལི་ཏི་ལོ་ཧྥུའུ་ཡིས་བྱང་ཆིངས་རྩ་འཛུགས་ཀྱི་པུའུ་ལིན་སའེ་མུའུ་སི་ལིན་པུའུ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཐེངས་འདིའི་སྦྱོང་བརྡར་དེ་ཨུ་རུ་སི་ལ་དམིགས་པ་མིན་ཟེར། ཁོས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ཨ་ཧྥུའུ་ཧན་གྱི་འཐབ་འཁྲུག་ལས་འགན་མཇུག་སྒྲིལ་ལ་ཉེ་བ་དང་བསྟུན་ནས། བྱང་ཆིངས་རྩ་འཛུགས་ཀྱིས་དམག་དོན་སྦྱོང་བརྡར་དང་གསོ་སྦྱོང་སོགས་བྱེད་ཐབས་ལ་བརྟེན་ནས་དམག་དཔུང་གི་འཐབ་འཛིང་ནུས་པ་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་ཟེར།

ཁོས་ད་རུང་བཤད་རྒྱུར། མངོན་གསལ་དང་ཕན་ཚུན་ཡིད་ཆེས་ཀྱི་རྩ་དོན་ལ་གཞིགས་ཏེ། བྱང་ཆིངས་རྩ་འཛུགས་ཀྱིས་ད་རུང་ཨུ་རུ་སིའི་དཔོན་རིགས་ལྟ་ཞིབ་པའི་ཚུལ་དུ་དམག་དོན་སྦྱོང་བརྡར་ལ་ཞུགས་པར་གདན་ཞུ་བྱས་ཡོད། དེ་ལས་གཞན་བྱང་ཆིངས་རྩ་འཛུགས་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ད་རུང་མཉམ་འབྲེལ་དམག་དོན་སྦྱོར་བརྡར་བྱ་འགུལ་སྤེལ་བའི་འཆར་གཞི་ཡོད་ཟེར།

བྱང་ཆིངས་རྩ་འཛུགས་ཀྱི་དཔོན་རིགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་གྲོགས་པོའི་རྒྱལ་ཁབ་ཉི་ཤུས་མངག་གཏོང་བྱས་པའི་དམག་དོན་མི་སྣ་སྟོང་དྲུག་ལྷག་ཞུགས་རྒྱུ་ཡིན་པ་དང་། དེའི་ནང་སྐམ་དམག་དང་མཚོ་དམག མཁའ་དམག དམིགས་བསལ་དམག་དཔུང་བཅས་འདུས། གསར་འགྱུར་ལས་རིགས་ཀྱིས་བལྟས་ན། དམག་དོན་སྦྱོང་བརྡར་སྤེལ་སའི་གནས་ནི་ཕོ་ལན་དང་པའོ་ལོ་ཏི་རྒྱ་མཚོ་ས་ཁུལ་གྱི་རྒྱལ་ཁབ་ལཱ་ཐའོ་ཝེ་ཡཱ་ཡིན་པས། བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ཆེན་པོ་ཞིག་ནི་ཨུ་རུ་སི་ལ་དམག་དོན་སྟོབས་ཤུགས་ངོམས་ནས་བྱང་ཆིངས་རྩ་འཛུགས་ཀྱི་ཤར་ཕྱོགས་སུ་རྒྱ་བསྐྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཆེད་དུ་ཡིན་པར་འདོད་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག