མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མའོ་ཞི་ཁོ་རུ་ཆར་རླུང་དྲག་པོའི་གནོད་པ་བྱུང་བ་ལས་མི་དྲུག་ཅུ་རྐྱེན་ལམ་དུ་ཤོར་བ།

    2013-09-19 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་བདེ་རྒྱ་མཚོ་ཆེན་མོའི་དྲག་རླུང་གིས་ཚེས་བཅོ་བརྒྱད་ཉིན་མུ་མཐུད་དུ་མའོ་ཞི་ཁོ་ལ་ཆག་འཇིག་ཆེན་པོ་བཟོས་པ་དང་། དེ་ལས་ད་ལྟའི་བར་ཉུང་མཐར་ཡང་མི་དྲུག་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ས་ཡ་གཅིག་དང་འབུམ་གཉིས་ལ་གནོད་པ་ཐེབས། གཞན་ཁང་ཤར་ཁྲི་གསུམ་དང་སྟོང་ལྔ་ལ་གཏོར་བརླག་ཐེབས།

མའོ་ཞི་ཁོའི་ནང་སྲིད་པུའུ་མི་དམངས་འགོག་སྲུང་སྡེ་ཁག་གི་འགན་ཁུར་བ་ཕུའུ་ཨིན་ཐི་ཡིས་ཉིན་དེར་གནས་ཚུལ་དེ་དག་ཁྱབ་སྒྲོག་བྱས། ཁོས་བཤད་རྒྱུར། གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བ་ནི་ལྷོ་ཕྱོགས་ཀྱི་ཀི་ལོས་ལོ་ཀྲིག་ཡིན་པ་དང་མི་ཉེར་བདུན་རྐྱེན་ལམ་དུ་ཤོར་ཡོད་ལ། མི་འབུམ་གཉིས་ལྷག་ལ་འགྲོ་སའི་ཁྱིམ་མེད་པར་གྱུར། ཤར་ཕྱོགས་ཀྱི་ཝེ་ལཱ་ཁི་ལུའུ་ཀྲིག་ཏུ་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། དབུས་ཕྱོགས་ཀྱི་དབྱེ་ཏཱ་ཨར་ཀི་ཀྲིག་དང་ཕུའུ་ཨེ་པུའུ་ལཱ་ཀྲིག་ཏུ་བསྡོམས་པས་མི་བདུན་རྐྱེན་ལམ་དུ་ཤོར། དེ་འཕྲོའི་ཀྲིག་སོ་སོར་བསྡོམས་པས་མི་བཅུ་བཞི་རྐྱེན་ལམ་དུ་ཤོར། དེ་ལས་གཞན་ཆར་རླུང་དྲག་པོ་ལས་ཆུ་ལོག་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་བྱུང་བ་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་བརྒྱ་དང་ང་ལྔས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་སྒྲོག་བྱས། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་མྱུར་དུ་ཉེན་རྟོག་པ་སྟོང་དགུ་དང་ལྔ་བརྒྱ་དང་། སྐམ་དམག་སྟོང་གསུམ་དང་སུམ་བརྒྱ། མཚོ་དམག་སྟོང་གཅིག་དང་བདུན་བརྒྱ་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོར་བྱེད་པར་མངགས།

མིག་སྔར། གནམ་གྲུ་ཐང་གི་སྒོ་བརྒྱབ་པ་དང་། མྱུར་བགྲོད་གཞུང་ལམ་ལ་རི་ཉིལ་བའི་གནོད་པ་ཐེབས་པའི་དབང་གིས་གནས་སྐོར་བ་ཁྲི་བཞི་ཙམ་ཀི་ལོས་ལོ་ཀྲིག་གི་གནས་སྐོར་གྲོང་ཁྱེར་ཨ་ཁཱ་ཕུའུ་ཨར་ཁི་རུ་བསྡད་ཡོད་པ་དང་། ས་དེའི་སྲིད་གཞུང་གིས་གཞུང་ལམ་དང་གནམ་གྲུ་ཐང་གི་སྒྲིག་ཆས་ཞིག་གསོ་བྱེད་བཞིན་ཡོད་ལ། ཚོང་བཀོལ་དང་དམག་བཀོལ་གནམ་གྲུ་བཀོད་སྒྲིག་བྱས་ཏེ་རིམ་བཞིན་གནས་སྐོར་བ་དག་གནས་གཞན་དུ་བསྐྱལ་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག