མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་འཕེལ་རིམ་མྱུར་དུ་ལག་བསྟར་བྱེད་དགོས་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-18 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས17ཉིན་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཐུན་སྒྲིལ་བྱས་ཏེ། གང་མགྱོགས་སྒོས་འགུལ་སྐྱོད་སྤེལ་ནས། སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་འཕེལ་རིམ་ལག་བསྟར་བྱེད་དགོས་ཟེར།

ཕན་ཅི་བུན་གྱིས་ཉིན་དེར་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་བརྒཡད་པའི་གྲོས་རིམ་སོགས་ཀྱི་ཐད་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས། རྟོག་ཞིབ་མི་སྣ་སི་རི་ཡཱ་རུ་སོང་ནས་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བར་སི་རི་ཡཱ་རྒྱལ་ཁབ་ཀྱིས་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་དགོས་མིན་གྱི་དྲི་བར་ལན་འདེབས་སྐབས། ཕན་ཅི་བུན་གྱིས་བསྟན་དོན། རྫས་འགྱུར་མཚོན་ཆ་འཚོལ་སྡུད་དང་ལྟ་རྟོག མེད་པར་བཟོ་བ་བཅས་ནི་དཀའ་ཁག་ཧ་ཅང་ཆེ་བའི་བརྒྱུད་རིམ་ཞིག་ཡིན་པས་དུས་ཡུན་རིང་བོ་ཞིག་དགོས་ཀྱང་། གལ་ཏེ་ཆབ་སྲིད་ཀྱི་རེ་འདུན་དང་མཁོ་སྒྲུབ། ཆེད་ལས་ལག་རྩལ་བཅས་ཀྱི་རྒྱབ་སྐྱོར་ཐོབ་ན། འཕེལ་རིམ་དེའི་དུས་ཡུན་ཇེ་ཐུང་དུ་གཏོང་ཐུབ་ཟེར།

ཕན་ཅི་བུན་གྱིས་བཤད་རྒྱུར། རྩ་དོན་ཐད་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཨ་མེ་རི་ཁ་དང་ཨུ་རུ་སིའི་བར་བཀོད་པའི་གྲོས་མཐུན་ལ་འཐད་པ་བྱུང་ཡོད་པས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མྱུར་དུ་འགུལ་སྐྱོད་ལག་བསྟར་བྱེད་དགོས་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། ངེས་པར་དུ་རྫས་འགྱུར་མཚོན་ཆ་དང་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་ལྡན་པའི་མཚོན་ཆ་བེད་སྤྱོད་བྱེད་པའི་སྣང་ཚུལ་ཡང་བསྐྱར་མི་འབྱུང་བར་འགན་སྲུང་བྱེད་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་བཅུ་དྲུག་ཉིན་ཁྱབ་སྒྲོག་བྱས་པའི་རྟོག་ཞིབ་སྙན་ཞུ་ལས། ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་སི་རི་ཡཱའི་ཏཱ་མཱ་ཧྲི་ཀིའི་ཀུའུ་ཐཱ་ཤར་ཁུལ་ནས་གཞི་རྒྱ་ཆེ་བའི་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པའི་འགུལ་སྐྱོད་སྤེལ་བ་བདེན་དཔང་བྱས་ཀྱང་། སྙན་ཞུ་ལས་ཕྱོགས་གང་གིས་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པ་གསལ་བཤད་བྱས་མེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག