མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་དང་ཨུ་རུ་སིའི་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མྱུར་དུ་མེད་པར་བཟོ་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-18 10:35

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་། བྱང་ཆིངས་རྩ་འཛུགས་དང་ཨུ་རུ་སིའི་ལས་འཛིན་ལྷན་ཚོགས་ཀྱིས་ཚེས17ཉིན་སྔ་གཞུག་ཏུ་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གང་མགྱོགས་ཀྱིས་བྱེད་ཐབས་སྤྱད་དེ། བདེ་ཞིང་མྱུར་བའི་སྒོ་ནས་སི་རི་ཡཱའི་མངའ་ཁོངས་ཀྱི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་དགོས་པའི་འབོད་སྐུལ་བཏང་།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱིས་གསལ་སྒྲོག་ནང་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁྱབ་སྒྲོག་བྱས་པའི་སི་རི་ཡཱ་རྒྱལ་ཁབ་ཀྱིས་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པའི་སྐོར་གྱི་རྟོག་ཞིབ་སྙན་ཞུ་ལ་དགའ་བསུ་ཞུ་བཞིན་ཡོད་ཟེར། ཁོ་མོས་བསྟན་དོན། སྙན་ཞུ་དེ་ཆེས་མཇུག་མཐར་རྫས་འགྱུར་མཚོན་ཆ་བཀོལ་ནས་དཔུང་འཇུག་བྱེད་མཁན་གྱི་གཏེ་བོ་རྩད་གཅོད་བྱེད་པར་ཕན་པ་ཡོད་ཟེར།

ཨ་ཧྲི་ཏོན་གྱིས་ད་རུང་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་གྲོས་མཐུན་བཀོད་པར་དགའ་བསུ་ཞུས་པ་དང་། ཁོ་མོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མྱུར་དུ་བྱེད་ཐབས་སྤྱད་དེ། བདེ་ཞིང་མྱུར་བའི་སྒོ་ནས་སི་རི་ཡཱའི་མངའ་ཁོངས་ཀྱི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་དགོས་པའི་རེ་བ་བཏོན།

ཨ་ཧྲི་ཏོན་གྱིས་བསྟན་དོན། ཁོ་མོས་ཕྱོགས་སོ་སོས་ད་ལྟའི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་བཀོད་དེ། གང་མགྱོགས་ཀྱིས་སི་རི་ཡཱའི་གནད་དོན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་ཇུས་གཞི་འདོན་པར་རེ་བས་ཁེངས་ཡོད་ཟེར།

བྱང་ཆིངས་རྩ་འཛུགས་དང་ཨུ་རུ་སིའི་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་བདུན་ཉིན་སི་རི་ཡཱའི་གནས་བབ་ཐད་ནས་དམིགས་བསལ་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་བྱང་ཆིངས་རྩ་འཛུགས་དང་ཨུ་རུ་སིའི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་བཀོད་པའི་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་གྲོས་མཐུན་ལ་དགའ་བསུ་ཞུས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གང་མགྱོགས་སྒོད་བྱེད་ཐབས་སྤྱད་དེ། སི་རི་ཡཱའི་མངའ་ཁོངས་ཀྱི་རྫས་འགྱུར་མཚོན་ཆ་མྱུར་མོར་མེད་པར་བཟོ་དགོས་པའི་འབོད་སྐུལ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག