མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡཱའི་རྒྱལ་སྤྱིའི་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-17 10:53

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡཱའི་རྒྱལ་སྤྱིའི་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གིས་ཚེས16ཉིན་གྱི་སྔ་དྲོར་རི་ནེ་ཝ་ནས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་བཞི་བར་རྟོག་ཞིབ་སྙན་ཞུ་གསར་བ་སྤྲད་པ་དང་། རྟོག་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕིས་ནེ་ལོ་ཡིས་ཚོགས་ཐོག་ནས་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

སྙན་ཞུ་དེ་སྤྱི་ཟླ9བའི་ཚེས11ཉིན་ཁྱབ་སྒྲོག་བྱས་པ་དང་། སྙན་ཞུ་དེས་འཁྲུག་རྩོད་ཕྱོགས་ཁག་སོ་སོའི་ད་ལོའི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་ནས་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་བར་གྱི་འགུལ་སྐྱོད་དང་དེ་མིན་ཟླ་ལྔ་བ་དང་དྲུག་པའི་ཁཱ་སུའེ་ཨར་གྲོང་རྡལ་གྱི་འགུལ་སྐྱོད་བཅས་ལ་རྟོག་ཞིབ་བྱས། སྙན་ཞུ་ལས་བསྟན་དོན། སི་རི་ཡཱའི་སྲིད་གཞུང་དང་སྲིད་གཞུང་ལ་བློ་དཀར་བའི་དྲག་ཆས་པས་མུ་མཐུད་དུ་མི་སེར་དཀྱུས་མར་དཔུང་འཇུག་བྱས་ཏེ། ལྐོག་གསོད་དང་མནར་གཅོད། བཙན་གཡེམ། སྡོད་ཁུལ་ལ་ཚོད་འཛིན་བྱེད་པ། མི་གཏའ་བཙན་ཁྲིད་བྱེད་པ། སྲུང་སྐྱོབ་ཐོབ་པའི་དམིགས་འབེན་ལ་འཇབ་རྒོལ་བྱེད་པ་སོགས་ཀྱི་ནག་ཉེས་བསགས་ཡོད་པ་དང་། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཀྱང་རིགས་དེ་མཚུངས་ཀྱི་ནག་ཉེས་བསགས་ཡོད་ཟེར། གཞན་ཡང་རྟོག་ཞིབ་ལས་ཤེས་པའི་གནས་ཚུལ་ལྟར་ན། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་དང་ཁུའུ་ཨར་ཏི་བའི་དྲག་ཆས་པས་འཁྲུག་རྩོད་ཁྲོད་ད་རུང་བྱིས་པའི་དམག་བསྡུ་ལེན་དང་བེད་སྤྱོད་བྱས་མྱོང་ཟེར།

ཕིས་ནེ་ལོ་ཡིས་ཚོགས་ཐོག་ནས་སྤྱི་ཟླ7པའི་ཚེས15ཉིན་ཚུན་གྱི་སི་རི་ཡཱའི་འཁྲུག་རྩོད་ཀྱི་གནས་བབ་སྙན་ཞུ་བྱེད་སྐབས་བསྟན་དོན། སི་རི་ཡཱའི་འཁྲུག་རྩོད་ལས་མི་ས་ཡ་འགའ་རྐྱེན་ལམ་དུ་ཤོར་བ་དང་། ཤི་རྨས་མང་ཤོས་ནི་མེ་མདའ་དང་མེ་སྒྱོགས་སོགས་རྒྱུན་ལྡན་གྱི་མཚོན་ཆ་བེད་སྤྱོད་བྱས་ཏེ་ཁྲིམས་འགལ་གྱིས་དཔུང་འཇུག་བྱས་པ་ལས་བཟོས་པ་རེད། མིག་སྔར་སི་རི་ཡཱའི་མི་ས་ཡ་དྲུག་ལྷག་ཡུལ་གྱར་བར་གྱུར་བ་དང་ཡང་ན་རྒྱལ་ནང་དུ་གང་སར་འཁྱམས་ཡོད་ཟེར།

ཕིས་ནེ་ལོ་ཡིས་བཤད་རྒྱུར། སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་སྨན་བཅོས་མི་སྣ་དང་སྨན་ཁང་ལ་དཔུང་འཇུག་བྱས་པ་དང་། དེ་ལས་གཞན་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་ཁྲོད་ཀྱི་ཐལ་སྤྱོད་ཉེས་ཅན་གྱིས་བསགས་པའི་ནག་ཉེས་དང་བྱ་སྤྱོད་ངན་པ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཞོར་དུ་ཕྱི་རྒྱལ་གྱི་འཐབ་འཛིང་མི་སྣ་མང་བོ་སི་རི་ཡཱ་རུ་ཡོང་ནས་འཐབ་འཁྲུག་ལ་ཞུགས་བཞིན་ཡོད་ཟེར།

ཕིས་ནེ་ལོ་ཡིས་ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་ཀྱིས་སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་འཐབ་འཁྲུག་བཅའ་ཁྲིམས་བརྩི་སྲུང་བྱེད་པར་འགན་སྲུང་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་བཏང་། ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ཚེས་བཅུ་བཞིའི་ཉིན་བཀོད་པའི་སི་རི་ཡཱའི་རྫས་འགྱུར་མཚོན་ཆ་མེད་པར་བཟོ་བའི་གྲོས་མཐུན་ལ་དམིགས་ཏེ་ཁོས་བསྟན་དོན། རིགས་དེ་མཚུངས་ཀྱི་གྲོས་མོལ་གྱིས་ཞི་བའི་གྲོས་མོལ་བྱེད་པར་རྨང་གཞི་བཏང་ནས་ཆབ་སྲིད་ལ་བརྟེན་ནས་འཁྲུག་རྩོད་ཐག་གཅོད་བྱེད་པར་ནུས་པ་ཐོན་སྲིད་ཟེར།

ཕིས་ནེ་ལོ་ཡིས་དེའི་རྗེས་སུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྐྱར་སྒྲོག་བྱས་དོན། དྲག་ཤུགས་ལ་བརྟེན་ནས་སི་རི་ཡཱའི་འཁྲུག་རྩོད་ཐག་གཅོད་བྱེད་ཐབས་མེད་ལ། ཆབ་སྲིད་ལ་བརྟེན་ན་ད་གཟོད་འཁྲུག་རྩོད་མཇུག་སྒྲིལ་ཐུབ་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག