མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་རྟོག་ཞིབ་མཇུག་འབྲས་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-17 10:53

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས16ཉིན་ཀུན་གྱིས་དོ་སྣང་བྱེད་པའི་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་རྟོག་ཞིབ་མཇུག་འབྲས་དངོས་སུ་ཁྱབ་བསྒྲགས་བྱས། ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་བར་རྟོག་ཞིབ་མཇུག་འབྲས་ཐད་འགལ་བ་མངོན་གསལ་བྱུང་ཡོད།

རྟོག་ཞིབ་མཇུག་འབྲས་ཀྱི་ནང་དོན་གཙོ་བོ་ནི་ཀུན་གྱིས་ཤེས་གསལ་ལྟར་རེད། རྟོག་ཞིབ་སྙན་ཞུ་དེར་ཤོག་ངོས་སོ་བརྒྱད་ཡོད་པ་དང་ཟུར་ལྟའི་ནང་དོན་བདུན་འདུས། རྟོག་ཞིབ་སྙན་ཞུ་དེ་གཙོ་བོ་སྤྱི་ཟླ8པའི་ཚེས21ཉིན་སི་རི་ཡཱའི་མངའ་ཁོངས་སུ་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པར་བརྗོད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་ལ་དམིགས་ཡོད་པ་དང་། དེང་སྐབས་སི་རི་ཡཱའི་ཕྱོགས་ཁག་སོ་སོར་འཁྲུག་རྩོད་ཁྲོད་གཞི་རྒྱ་ཅུང་ཆེ་བའི་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱེད་པའི་བྱ་སྤྱོད་ཡོད་པར་མ་ཟད། བྱིས་པ་དང་བཅས་པའི་མི་སེར་དཀྱུས་མར་དམིགས་པ་རེད་ཟེར།

རྟོག་ཞིབ་མཇུག་འབྲས་ལས་བལྟས་ན། ཏཱ་མཱ་ཧྲི་ཀིའི་ཀུའུ་ཐཱ་ཤར་ཁུལ་དུ་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པའི་བྱ་སྤྱོད་ཡོད་ལ། དུག་རླངས་ལྡན་པའི་མེ་ཤུགས་འཕུར་མདའ་གནས་དེར་བེད་སྤྱོད་བྱས་མྱོང་བར་བདེན་དཔང་ཐོབ་ཡོད་ཟེར། སྙན་ཞུ་ལས་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གང་གིས་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པ་གསལ་བོར་བརྗོད་མེད།

ཕན་ཅི་བུན་གྱིས་ཉིན་དེའི་ཉིན་གུང་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་རྟོག་ཞིབ་མཇུག་འབྲས་སྙན་ཞུ་བྱས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཕྱི་རོལ་དུ་ཕྱི་འབྲེལ་དཔོན་པོ་དང་གསར་འགོད་པ་མང་བོ་འདུས་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསང་བའི་གྲོས་མོལ་བྱས་ཏེ་ཉིན་གུང་ཡོལ་ཙམ་ལ་ད་གཟོད་མཇུག་སྒྲིལ།

ཕན་ཅི་བུན་གྱིས་གྲོས་མོལ་མཇུག་སྒྲིལ་རྗེས་གསར་འགོད་པར་ཐུག་འཕྲད་བྱས་ཏེ། ཁོ་རང་རྟོག་ཞིབ་མཇུག་འབྲས་དེ་ལ་འཕང་སེམས་ཆེན་པོ་སྐྱེས་ཡོད་ལ། རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཕྱོགས་གང་རུང་གིས་གནས་ཚུལ་ག་འདྲའི་འོག་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པའི་བྱ་སྤྱོད་ཚང་མ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྩ་བ་ནས་འགལ་ཡོད་ལ། འཐབ་འཁྲུག་གི་ནག་ཉེས་གྲུབ་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་རྩད་གཅོད་ནན་མོ་བྱེད་ངེས་ཡིན་ཟེར།

ཕན་ཅི་བུན་གྱིས་ཞོར་དུ་ད་རུང་། ཉེ་སྔོན་སི་རི་ཡཱ་རྒྱལ་ཁབ་ཀྱིས་རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་སྤྱི་ཆིངས་ནང་ཞུགས་པར་རེ་ཞུ་བཏོན་པ་དང་། ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་ཀྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་གནད་དོན་ཐད་ནས་གྲོས་མཐུན་བཀོད་པར་དགའ་བསུ་ཞུས་པར་མ་ཟད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ཏེ་འབྲེལ་ཡོད་གྲོས་མཐུན་དངོས་འབེབས་བྱེད་པར་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་མཇུག་འབྲས་ནི་ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་ཀྱིས་གྲོས་མཐུན་བཀོད་པའི་རྗེས་སུ་ཁྱབ་སྒྲོག་བྱས་པ་ཡིན་པའི་དབང་གིས་ཕྱི་ཕྱོགས་ཀྱིས་གྲོས་མཐུན་དེས་རྟོག་ཞིབ་ཀྱི་མཇུག་འབྲས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད་པར་འདོད་ཡོད། མཉམ་འབྲེལ་རྒྱལ་ཚོགས་གསར་འགྱུར་ལྟེ་གནས་ཀྱིས་དེའི་སྔོན་ཁྱབ་སྒྲོག་བྱས་པའི་པར་རིས་ནང་རྫས་འགྱུར་མཚོན་ཆའི་རྟོག་ཞིབ་ཚན་ཆུང་གི་ཚན་གཙོ་སེར་སི་ཐི་ལོན་གྱིས་ཕན་ཅི་བུན་ལ་སྤྲད་པའི་རྟོག་ཞིབ་མཇུག་འབྲས་ཀྱི་ཤོག་ངོས་དང་པོར་བསམ་བཞིན་དུ་ཕྱིར་མངོན་པར་བྱས་ཏེ། གསར་འགྱུར་ལས་རིགས་ལ་རྟོག་ཞིབ་མཇུག་འབྲས་ཀྱི་ནང་དོན་ཁག་ཅིག་སྔ་མོ་ནས་ཤེས་སུ་བཅུག་ཡོད།

ཨ་མེ་རི་ཁ་དང་ཨུ་རུ་སི་ཕྱོགས་གཉིས་རྟོག་ཞིབ་མཇུག་འབྲས་ཐད་ལྟ་ཚུལ་མི་འདྲ་བ་ཡོད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨ་མེ་རི་ཁའི་འཐུས་མི་པའོ་ཨར་གྱིས་ཕན་ཅི་བུན་གྱིས་སྙན་ཞུ་མཇུག་སྒྲིལ་རྗེས་གསར་འགོད་པར་ཐུག་འཕྲད་བྱས་ཏེ། སི་རི་ཡཱའི་སྲིད་གཞུང་ལ་སྐྱོན་འཛུགས་བྱས། པོར་ཨར་གྱིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་མཇུག་འབྲས་ལས་སི་རི་ཡཱའི་སྲིད་གཞུང་གིས་རྫས་འགྱུར་མཚོན་ཆ་བེད་སྤྱད་བྱས་པ་ཡང་བསྐྱར་བདེན་དཔང་བྱས་ཡོད། ཁོ་མོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེའི་ཐད་ནས་མྱུར་དུ་འགུལ་སྐྱོད་སྤེལ་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་འཐུས་མི་ཁྱིག་ཨར་ཅིན་གྱིས་མྱུར་མོར་པའོ་ཨར་གྱི་གཏམ་བཤད་ལ་མི་འཐད་པའི་ཚུལ་བསྟན། ཁོས་བལྟས་ན། མིག་སྔར་སི་རི་ཡཱའི་སྲིད་གཞུང་གིས་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པར་ཐག་གཅོད་བྱེད་ཐབས་མེད་ཟེར། ཁྱིག་ཨར་ཅིན་གྱིས་བསྟན་དོན། གོམ་རིམ་རྗེས་མར་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་འཁྲུག་རྩོད་ཁྲོད་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པའི་བྱ་སྤྱོད་ལ་རྟོག་ཞིབ་བཟང་བོ་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག