མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་སྲིད་གཞུང་གིས་གྲོས་མོལ་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-17 10:53

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཙུང་ཐུང་གཞོན་པ་དང་དབྱི་ལིང་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཀྲུའུ་ཞིའི་འགན་གཅིག་ལྕོགས་སུ་ཁུར་མཁན་སཱ་ལེ་ཞི་ཡིས་ཚེས16ཉིན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཚོགས་ཆེན་སྐབས་སུ་གསར་འགོད་པར་བསྟན་དོན། དབྱི་ལིང་སྲིད་གཞུང་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཚོགས་ཁག་གིས་འབྲེལ་ཡོད་ཕྱོགས་སོ་སོ་དང་མཉམ་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་གྲོས་མོལ་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་པ་དང་། གནད་དོན་དེ་མཐར་མཇུག་ཐག་གཅོད་ཡག་པོ་ཞིག་བྱེད་པར་རེ་བས་ཁེངས་ཡོད་པར་མ་ཟད། གྲོས་མོལ་བྱེད་སྐབས་བརྒྱ་ཆའི་ཉི་ཤུའི་ཉིང་རྡུལ་ཞིབ་འཇུག་མཚམས་འཇོག་པའི་གནད་དོན་ལ་གྲོས་བསྡུར་བྱེད་པར་འཐད་པ་ཡིན་ཟེར།

སཱ་ལེ་ཞི་ཡིས་བཤད་རྒྱུར། ཁོས་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡི་ཚབ་བྱས་ཏེ་དབྱི་ལིང་སྲིད་གཞུང་གིས་ཐེངས་འདིར་འབྲེལ་ཡོད་ཕྱོགས་སོ་སོའི་བར་གྲོས་མོལ་བྱེད་པའི་ཐབས་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པར་གྲ་སྒྲིག་གང་ལེགས་ཡོད་ལ། གནད་དོན་དེ་མཐར་མཇུག་ཐག་གཅོད་བྱེད་ཐུབ་པར་རེ་འདུན་དྲག་པོ་བཅང་ཡོད་ཀྱང་། སྔོན་འགྲོའི་ཆ་རྐྱེན་ནི་ཕྱོགས་གཞན་པས་ཀྱང་གྲོས་མོལ་སོགས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པའི་འདུན་པ་ཡོད་དགོས་ཟེར།

སཱ་ལེ་ཞི་ཡིས་ཉིན་དེར་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྐབས་ང་བདུན་པའི་ཚོགས་ཆེན་གྱི་གཏམ་བཤད་ལ་ཞུགས་སྐབས་བསྟན་དོན། དབྱི་ལིང་གིས་སྤེལ་རྒྱུ་ཡིན་པའི་གྲོས་མོལ་ལ་རེ་བས་ཁེངས་ཡོད་ཀྱང་། དབྱི་ལིང་གིས་ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པའི་དབང་ཆ་སྐྱུར་མི་སྲིད་ལ། རྒྱུ་མཚན་ནི་དེ་ནི་རྒྱལ་ཁབ་ཅིག་གི་ཁྲིམས་མཐུན་ཁེ་དབང་ཡིན་པ་ནན་བཤད་བྱས་པར་མ་ཟད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་ཐོབ་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག