མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་མཚོ་དམག་རྟེན་གཞིར་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-17 10:53

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཏོན་ནས་ཚེས16ཉིན་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་བ་དང་། མིག་སྔའི་བར་དོན་རྐྱེན་དེ་ལས་ལག་དམར་གཅིག་དང་བཅས་པའི་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། ལག་དམར་གཉིས་སྔར་བཞིན་བྲོས་བྱོལ་བྱེད་བཞིན་ཡོད།

ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཏོན་གྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་དྲུག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་མཚོ་དམག་རྒྱ་མཚོའི་ཁོངས་གཏོགས་དམག་སྤྱི་ཁང་གི་ཐོག་ཁང་ཆེན་མོ་ནས་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་དང་སྐར་མ་ཉི་ཤུའི་སྟེང་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་། མེ་མདའ་བཟུང་བའི་མི་གསུམ་ཐོག་ཁང་དེར་ཡོང་ནས་དེར་ཡོད་ཀྱི་མི་ལ་མེ་མདས་བརྒྱབ། ལག་དམར་གཅིག་ཉེན་རྟོག་པས་བསད་པ་དང་། གཞན་གཉིས་བྲོས་བྱོལ་བྱས་པར་གར་སོང་མ་ཤེས་ཟེར།

ཝ་ཧྲིན་ཏོན་གྱི་ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། བྲོས་བྱོལ་བྱེད་པའི་ལག་དམར་དེ་གཉིས་ཀྱི་གཅིག་མི་དཀར་ཞིག་དང་གཅིག་ཨ་ཧྥེ་རི་ཁ་གླིང་གི་མི་ཞིག་ཡིན་པ་དང་། ཁོ་གཉིས་ཀྱིས་དམག་ལྭ་གྱོན་ཡོད་ལ། ལོ་བཞི་བཅུ་ནས་ལྔ་བཅུ་ཙམ་ཡིན་པ་དང་ཐོབ་ཐང་གསལ་བོར་མི་ཤེས་ཟེར། ཐེངས་འདིའི་མེ་མདས་བརྒྱབ་པའི་དོན་རྐྱེན་ལས་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཟེར།

དོན་རྐྱེན་བྱུང་རྗེས། མཚོ་དམག་ཐོག་ཁང་ཆེན་མོས་ཐོག་ཁང་ནང་གི་ལས་བྱེད་མི་སྣ་མང་བོ་གཞན་དུ་བསྐྱལ་བ་དང་། ཡུལ་དངོས་དང་འབྲལ་ཐབས་མེད་པའི་མི་རྣམས་ཀྱིས་སྒོ་དང་དྲ་མ་དམ་པར་བྱས་ཏེ་མི་ཆ་མེད་ནང་དུ་ཡོང་བར་སྔོན་འགོག་བྱས། རྨས་མ་རྣམས་སྔ་གཞུག་ཏུ་ཆའོ་ཀྲི་ཝ་ཧྲིན་ཏོན་སློབ་ཆེན་གྱི་སྨན་ཁང་དང་ཝ་ཧྲིན་ཏོན་གསོ་རིག་ལྟེ་གནས་སུ་བསྐྱལ་ནས་སྨན་བཅོས་བྱས། རྨས་མ་ལ་ལའི་རྨས་སྐྱོན་ཅུང་ཚབས་ཆེན་རེད།

ཉེན་རྟོག་ཕྱོགས་ཀྱིས་གང་མགྱོགས་སྒོས་ཤར་ལྷོའི་ས་ཁུལ་གྱི་གཞུང་ལམ་དང་ཟམ་པ་སོགས་བཀག་སྡོམ་བྱས་པ་དང་། ཐོག་ཁང་ཆེན་མོའི་ནང་གི་མི་སྣ་དང་རྨས་མ་སྐོར་ཞིག་གྱེན་འཕུར་གནམ་གྲུར་བསྡད་དེ་གནས་གཞན་དུ་བསྐྱལ། རྒྱལ་སའི་ལི་ཀིན་གནམ་གྲུ་ཐང་གིས་གནམ་གྲུ་གཏོང་མཚམས་བཞག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག