མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡས་རྫས་འགྱུར་མཚོན་ཆ་བཀོལ་བའི་བཤད་ཚུལ་དེར་མྱུར་དུ་རྩད་གཅོད་བྱ་རྒྱུ་ཡིན་ཞེས་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-22 10:53

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨེ་ལེ་ཡ་སུང་གིས་ཚེས21ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་སི་རི་ཡའི་སྲིད་གཞུང་ལ་འབྲེལ་གཏུགས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་ཚན་ཆུང་འབྲེལ་ཡོད་ས་ཁུལ་ལ་སོང་ནས། ཉིན་དེར་ཏ་མ་སི་ཁིའི་འདབས་རོལ་ནས་མི་ལ་ལས་རྫས་འགྱུར་མཚོན་ཆ་བཀོལ་བའི་བཤད་ཚུལ་དེར་རྩད་གཅོད་བྱེད་དུ་འཇུག་རྒྱུའི་རེ་བ་བཏོན་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་སི་རི་ཡའི་རྫས་འགྱུར་མཚོན་ཆའི་བཤད་ཚུལ་ཐད་ནས་མྱུར་དུ་གྲོས་མོལ་བྱས་པ་དང་། ཨེ་ལེ་ཡ་སུང་གིས་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱི་ཚབ་བྱས་ཏེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་གནས་ཚུལ་ཡར་ཞུ་བྱས། ཁོས་གྲོས་མོལ་མཇུག་རྫོགས་རྗེས་གསར་འགྱུར་ལས་ཁུངས་ལ་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དོན་དག་དེར་མྱུར་དུ་རྩད་གཅོད་བྱེད་དགོས་པར་འདོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་ཚན་ཆུང་གིས་ཏ་མ་སི་ཁི་ན་གྲ་སྒྲིག་བྱས་ཡོད་པ་དང་། སི་རི་ཡའི་སྲིད་གཞུང་འཐད་པ་བྱུང་བ་དང་ས་དེའི་བདེ་འཇགས་གནས་བབ་འོས་འཚམ་ཡིན་པའི་གནས་ཚུལ་འོག་འབྲེལ་ཡོད་ས་ཁུལ་ལ་སོང་ནས་རྟོག་ཞིབ་བྱེད་འདོད་ཡོད་ཟེར།

ཨེ་ལེ་ཡ་སུང་གིས་བཤད་རྒྱུར། ཕན་ཅི་ཝུན་གྱིས་དོན་དེར་རྩད་གཅོད་བྱེད་རྒྱུའི་རེ་བ་བཏོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡའི་སྲིད་གཞུང་ལ་འབྲེལ་གཏུགས་བྱེད་བཞིན་ཡོད་ལ། ཕྱོགས་སོ་སོས་མཉམ་ལས་བྱས་ཏེ་དོན་དེར་རྩད་གཅོད་བྱེད་ཐུབ་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར། ཁོས་སི་རི་ཡའི་ཕྱོགས་སོ་སོས་ཕན་ཚུན་དགྲ་རུ་འཛིན་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞི། ཨ་ཀེན་ཐེན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་མི་པོ་ཞི་ཝ་ཨར་གྱིས་གྲོས་མོལ་གྱི་རྗེས་སུ་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དོན་དེར་ཧ་ཅང་སེམས་ཁུར་བྱེད་བཞིན་པ་དང་། དོན་དག་དེར་རྩད་གཅོད་གསལ་བོ་བྱེད་རྒྱུ་མ་ཟད་དོན་དག་གི་འཕེལ་རིམ་ལ་དོ་སྣང་ཆེན་པོ་བྱེད་དགོས་པར་འདོད་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་རྒྱལ་ཁབ་དག་གིས་སི་རི་ཡའི་ཕྱོགས་སོ་སོས་ཕན་ཚུན་དགྲ་རུ་འཛིན་མཚམས་བཞག་ནས་དམག་འཁྲུག་མཚམས་འཇོག་རྒྱུའི་འབོད་སྐུལ་དྲག་པོ་བཏོན་པ་མ་ཟད། ཕན་ཅི་ཝུན་གྱིས་དོན་དེར་མཐའ་གཅིག་ཏུ་དྲང་བདེན་དང་མགྱོགས་མྱུར་སྒོས་རྟོག་ཞིབ་བྱེད་རྒྱུའི་ཐག་བཅད་པ་དེར་དགའ་བསུ་ཞུ་བཞིན་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། སི་རི་ཡའི་སྲིད་གཞུང་དམག་གིས་ཚེས་ཉེར་གཅིག་ཉིན་ཧྲ་ལིན་དུག་རླངས་འདུ་བའི་མེ་ཤུགས་འཕུར་མདའ་བཀོལ་ནས་ཏ་མ་སི་ཁིའི་འདབས་རོལ་གྱི་ཀུའུ་ཐ་ཤར་མ་ས་ཁུལ་ལ་འཇབ་རྒོལ་བྱས་ཏེ། མི་སྟོང་ཕྲག་འགའ་བསད་ཟེར་མོད། སི་རི་ཡའི་སྲིད་གཞུང་དམག་གིས་གནས་ཚུལ་དེ་ཁས་མ་བླངས། ཕན་ཅི་ཝུན་གྱིས་ཉིན་དེར་གནས་ཚུལ་དེར་ཡ་ང་བའི་ཚུལ་བསྟན་པ་མ་ཟད། དོན་དག་དེར་རྟོག་ཞིབ་བྱེད་རྒྱུ་ཡིན་ཞེས་བཤད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག