མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཱ་ལའེ་ཞི་ཡའི་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་ཀྲུང་གོ་བ32རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-22 10:53

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལའེ་ཞི་ཡའི་འགྲུལ་བ53དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཆེན་པོ་ཞིག་ཚེས21ཉིན་རྒྱལ་ཁབ་དེའི་སྤྲོ་གསེང་ཡུལ་ལྗོངས་སྤྲིན་གསེབ་མཐོ་སྒང་ནས་ཚོད་འཛིན་ལས་བྲལ་ཏེ་གྲོག་རོང་དུ་ལྷུང་། མཱ་ལའེ་ཞི་ཡའི་དཔོན་ཕྱོགས་ཀྱིས་བསྒྲགས་པའི་གྲངས་ཀ་གསར་བ་ལྟར་ན། དོན་རྐྱེན་དེའི་ཁྲོད་ནས་མིག་སྔར་མི37རྐྱེན་ལམ་དུ་ཤོར་ཟེར། མཱ་ལའེ་ཞི་ཡའི་ཉེན་རྟོག་ཕྱོགས་ཀྱིས་ཚེས21ཉིན་གྱི་དགོང་མོར་བཤད་རྒྱུར། རྐྱེན་ལམ་དུ་ཤོར་བའི་འགྲུལ་བའི་ཁྲོད་དུ་ཀྲུང་གོའི་སྤྱི་དམངས་གཅིག་ཡོད་སྲིད་མོད། ཡིན་ནའང་དེའི་ཐོབ་ཐང་ལ་ད་དུང་རྩད་གཅོད་བྱེད་བཞིན་ཡོད་ཟེར།

མཱ་ལའེ་ཞི་ཡའི་དྲ་ཚིགས་ཤིག་གི་སྟེང་ཚེས21ཉིན་བཀོད་པའི་གསར་འགྱུར་ལྟར་ན། དོན་རྐྱེན་དེའི་མྱུར་སྐྱོབ་བྱ་བར་ཞུགས་པའི་ས་དེའི་ཉེན་སེལ་ལས་ཁུངས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔར་མི་སོ་བདུན་དོན་རྐྱེན་ཁྲོད་ནས་རྐྱེན་ལམ་དུ་ཤོར་བར་ངོས་བཟུང་བ་དང་། དེའི་ནང་དུ་ཀྲུང་གོ་བ་ཆེས་མང་བོ་ཡིན་ཏེ་བསྡོམས་པས་མི་སོ་གཉིས་ཡོད་ཟེར།

མཱ་ལའེ་ཞི་ཡ་རུ་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས21ཉིན་མི་དམངས་དྲ་བའི་གསར་འགོད་པར་བཤད་རྒྱུར། གཞུང་ཚབ་ཁང་གིས་ཉིན་དེའི་དགོང་མོར་མཱ་ལའེ་ཞི་ཡའི་ཉེན་རྟོག་ཕྱོགས་ནས་རྐྱེན་ལམ་དུ་ཤོར་བའི་འགྲུལ་བའི་ཁྲོད་དུ་ཀྲུང་གོའི་སྤྱི་དམངས་གཅིག་ཡོད་སྲིད་པའི་གནས་ཚུལ་གོ་མོད། ཡིན་ནའང་དེའི་ཐོབ་ཐང་ལ་ད་དུང་རྩད་གཅོད་བྱེད་བཞིན་ཡོད་ཟེར།

ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ཚེས21ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་བྱུང་ས་དེ་མཱ་ལའེ་ཞི་ཡའི་མིང་དུ་གྲགས་པའི་ཡུལ་ལྗོངས་སྤྲིན་གསེབ་མཐོ་སྒང་རི་ལམ་སྟེང་ཡིན་ལ། སྐབས་དེར་འགྲུལ་སྐྱེལ་རླངས་འཁོར་དེ་རི་ལམ་ནས་མར་འབབ་སྐབས་ཚོད་འཛིན་ལས་བྲལ་ཏེ་གཏིང་ཚད་ལ་སྨི་དྲུག་ཅུ་ཡོད་པའི་གྲོག་རོང་དུ་ལྷུང་། ས་དེའི་བརྙན་འཕྲིན་ཁང་གི་བརྙན་རིས་ལས་འགྲུལ་སྐྱེལ་རླངས་འཁོར་གྲོག་རོང་དུ་ལྷུང་ས་རུ་ནགས་ཚལ་སྟུག་པོ་ཡོད་པ་དང་། ས་དེའི་འབྲེལ་ཡོད་ལས་ཁུངས་ཀྱིས་འདེགས་འཁོར་བཀོལ་ནས་མྱུར་སྐྱོབ་བྱེད་བཞིན་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག