མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་ཀྱི་ཕྱོགས་ཁག་སོ་སོས་མུ་མཐུད་དུ་འཁྲུག་རྩོད་བྱེད་བཞིན་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཨེ་ཅིབ་ལ་གྲོས་མོལ་བྱེད་པར་ཐོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-22 10:53

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་གནས་བབ་སྔར་བཞིན་དུ་ཛ་དྲག་ཆེ་བ་དང་། ཕྱོགས་ཁག་སོ་སོས་མུ་མཐུད་དུ་འཁྲུག་རྩོད་བྱེད་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆབ་སྲིད་ལས་དོན་གྱི་གཙོ་འགན་འཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཧྥེ་ཨར་ཐི་མན་ཨེ་ཅིབ་ལ་ཐོན་ནས་མྱུར་དུ་ཕྱོགས་སོ་སོར་འབྲེལ་འདྲིས་ཆེན་པོ་བྱེད་མགོ་བརྩམས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་གཞོན་པ་ཏི་ཨར་པུའུ་ཨེ་ཡིས་ཚེས21ཉིན་བཤད་པ་ལྟར་ན། ཧྥེ་ཨར་ཐི་མན་གྱིས་ཉིན་དེར་ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཧྥ་ཧི་མེ་དང་ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཨ་ལ་པེ་གཉིས་ལ་ཐུག་འཕྲད་བྱས་པ་དང་། ཁོས་ཁའེ་ལོའི་ཨ་རབ་མནའ་འབྲེལ་སྤྱི་ཁྱབ་ལས་ཁུངས་ནས་གསར་འགྱུར་ལས་ཁུངས་ལ་ཁོ་དང་ཨ་ལ་པེ་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་གཙོ་བོ་ས་ཁུལ་གྱི་གནས་བབ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་མནའ་འབྲེལ་གྱི་མཉམ་ལས་དང་འབྲེལ་བའི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་བྱས་པ་ཡིན་ཞེས་བཤད་ཟེར།

ཧྥེ་ཨར་ཐི་མན་གྱིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨེ་ཅིབ་མི་དམངས་ཀྱིས་རྒྱལ་ཁབ་དེའི་ཟིང་འཁྲུག་ཐད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྤྱད་པའི་བྱེད་ཐབས་འཛིན་པའི་བསམ་འཆར་དྲག་པོར་རྒྱུས་ལོན་ཞིབ་མོ་བྱས་ཡོད་ཟེར། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱི་མཛུབ་སྟོན་ལྟར་དུ། ཉིན་གསུམ་རིང་ཨེ་ཅིབ་ལ་འཚམས་འདྲི་བྱེད་སྐབས་འབྲེལ་ཡོད་ཕྱོགས་སོ་སོའི་བསམ་ཚུལ་ལ་ཉན་ནས། དེང་སྐབས་ཀྱི་གནས་བབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཇི་ལྟར་རོགས་རམ་བྱས་ན་བཟང་བའི་སྐོར་ལ་རྒྱུས་ལོན་སྔར་ལས་བཟང་པོ་བྱེད་རྒྱུ་ཡིན་པའི་ཚུལ་བསྟན། ཁོས་ཁོ་ཐེངས་འདིར་འཚམས་འདྲིར་ཡོང་བའི་དམིགས་ཡུལ་ནི་ཨེ་ཅིབ་མི་དམངས་བར་དུ་བརྗེ་རེས་བྱེད་རྒྱུ་དེ་ཡིན་ཞེས་ནན་གྱིས་བཤད།

ཟླ་བདུན་པའི་ཚེས་གསུམ་ཉིན་ཨེ་ཅིབ་དམག་ཕྱོགས་ཀྱིས་ཙུང་ཐུང་མུའུ་ཨར་ཞི་ཡི་གོ་གནས་བླངས་རྗེས། ཨེ་ཅིབ་ཀྱི་དྲག་ཤུགས་འཁྲུག་རྩོད་རིམ་བཞིན་ཚབས་ཇེ་ཆེར་སོང་བ་དང་། ཨེ་ཅིབ་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་བཞི་ཉིན་རྒྱལ་ས་ཁའེ་ལོ་ཡི་མུའུ་ཨར་ཞི་ལ་རྒྱབ་སྐྱོར་བྱེད་མཁན་འདུ་སར་གཙང་བཤེར་བྱས་ལ། འགུལ་སྐྱོད་དེ་དང་དེའི་རྗེས་སུ་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་བྱུང་བའི་འཁྲུག་རྩོད་ཁྲོད་ནས་མི་སྣར་ཤི་རྨས་ཚབས་ཆེན་བཟོས། དེ་དང་མཉམ་དུ་ཨེ་ཅིབ་ཀྱི་ས་ཁུལ་སོ་སོ་ནས་མུའུ་སི་ལིན་སྤུན་ཟླ་ཚོགས་པའི་རྐང་འཛིན་པ་བརྒྱ་ཕྲག་ལྷག་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས།

ཕན་ཅི་ཝུན་གྱིས་ཐེངས་མང་པོར་གསལ་བསྒྲགས་སྤེལ་བ་དང་ཡང་ན་གཏམ་བཤད་སྤེལ་ནས། ཨེ་ཅིབ་ཀྱི་ཛ་དྲག་གི་གནས་བབ་ལ་དོ་སྣང་ཆེན་པོ་བྱེད་པའི་ཚུལ་བསྟན། ཁོས་བཤད་རྒྱུར། ཧྥེ་ཨར་ཐི་མན་ཁའེ་ལོ་ལ་ཕྱོགས་སོ་སོར་གྲོས་མོལ་བྱེད་དུ་འཇུག་པའི་དམིགས་ཡུལ་གཙོ་བོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨེ་ཅིབ་ཀྱི་ཞི་བདེ་སླར་གསོ་བྱེད་པ་དང་ཞི་བའི་འགྲིག་མཐུན་ལ་ཡར་སྐུལ་བྱེད་པར་ཇི་ལྟར་རྒྱབ་སྐྱོར་ཆེན་པོ་བྱེད་པར་རྒྱུས་ལོན་བྱེད་རྒྱུ་དེ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག