མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་མང་པོ་བྱུང་ནས་མི12རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-21 10:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས20ཉིན་བཤད་རྒྱུར། དབྱི་རག་ནས་ཉིན་དེར་འགས་གཏོར་འཇབ་རྒོལ་དོན་རྐྱེན་མང་པོ་བྱུང་ནས། ཉུང་མཐར་ཡང་མི12རྐྱེན་ལམ་དུ་ཤོར་བ་དང་། མི94ལ་རྨས་ཕོག་ཟེར།

མིང་བཤད་མི་འདོད་པའི་དབྱི་རག་ཉེན་རྟོག་ཕྱོགས་ཀྱི་མི་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། རྒྱལ་ས་པ་ཀི་ཏའི་ལྷོ་ཕྱོགས་ཀྱི་སྤྱི་ལེ་དྲུག་ཅུའི་མཚམས་སུ་ཡོད་པའི་སྡེ་བ་ཞིག་ནས་ཉིན་དེར་རླངས་འཁོར་འགས་གཏོར་དོན་རྐྱེན་གཉིས་བྱུང་སྟེ། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ལ་རྨས་ཕོག པ་ཀི་ཏའི་ལྷོ་ཕྱོགས་ཀྱི་སྤྱི་ལེ་སུམ་བརྒྱ་ལྷག་གི་མཚམས་དང་མཱེ་སང་ཞིང་ཆེན་གྱི་གྲོང་ཁྱེར་གཙོ་བོ་ཨ་མཱ་ལ་ནས་ཀྱང་རླངས་འཁོར་འགས་གཏོར་དོན་རྐྱེན་གཉིས་བྱུང་སྟེ། ཉུང་མཐར་ཡང་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་ལྔ་ལ་རྨས་ཕོག་ཟེར།

གཞན་ཡང་ཉེན་རྟོག་པ་ཞིག་གིས་བཤད་པ་ལྟར་ན། དབྱི་རག་ཤར་ཕྱོགས་ཀྱི་ཏེ་ཡ་ལ་ཞིང་ཆེན་གྱི་གྲོང་ཁྱེར་གཙོ་བོ་པ་ཀུའུ་པད་ཉེ་འདབས་ཀྱི་ཇ་ཁང་ཞིག་ལ་ལམ་འགྲམ་དུ་སྦས་པའི་འགད་རྫས་ཀྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཉིས་ལ་རྨས་ཕོག པ་ཀུའུ་པད་བྱང་ཕྱོགས་ཀྱི་སྤྱི་ལེ་བདུན་ཅུ་ཙམ་གྱི་མཚམས་སུ་ཡང་ཉེན་རྟོག་སྐོར་གཡེང་ས་ཚིགས་ལ་དམིགས་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས། ཉེན་རྟོག་པ་གཉིས་རྨས་ཟེར།

དེས་མི་ཚད་པ་ཀི་ཏའི་ལྷོ་ཕྱོགས་ཀྱི་སྤྱི་ལེ་སུམ་བརྒྱ་དང་བདུན་ཅུའི་མཚམས་ཀྱི་ཅི་ཅ་ཨར་ཞིང་ཆེན་གྱི་གྲོང་ཁྱེར་གཙོ་བོ་ན་ཞི་ལེ་ཡེ་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་གཉིས་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་གསུམ་ལ་རྨས་ཕོག པ་ཀི་ཏའི་བྱང་ཕྱོགས་ཀྱི་སྤྱི་ལེ་ཉིས་བརྒྱ་དང་ལྔ་བཅུའི་མཚམས་ཀྱི་ཅི་ཨར་ཁུའུ་ཁི་གྲོང་ཁྱེར་ལྷོ་འདབས་ནས་ལམ་འགྲམ་འགད་རྫས་ཀྱི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས། དྲག་ཆས་མི་སྣ4རྐྱེན་ལམ་དུ་ཤོར་བ་དང་། མི5ལ་རྨས་ཕོག ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག