མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་མུའུ་སི་ལིན་སྤུན་ཟླ་ཚོགས་པའི་ཆེས་མཐོའི་མགོ་ཁྲིད་པ་འཛིན་བཟུང་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-21 10:39


འདི་ནི2013ལོའི་ཟླ8པའི་ཚེས20ཉིན་བསྐྱོན་པའི་ཨེ་ཅིབ་མུའུ་སི་ལིན་སྤུན་ཟླ་ཚོགས་པའི་ཆེས་མཐོ་ཇུས་ཆོད་ལས་ཁུངས་མཛུབ་སྟོན་ཁང་གི་ཀྲུའུ་ཞི་པ་ཏེ་ཡ་འཛིན་བཟུང་བྱས་རྗེས་ཀྱི་ཡུལ་དངོས་ཀྱི་པར་རེད།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་དཔོན་ཕྱོགས་ཀྱི་གསར་འགྱུར་ཁང་སྟེ་དབུས་ཤར་གསར་འགྱུར་ཁང་གིས་ཚེས20ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨེ་ཅིབ་མུའུ་སི་ལིན་སྤུན་ཟླ་ཚོགས་པའི་ཆེས་མཐོ་ཇུས་ཆོད་ལས་ཁུངས་མཛུབ་སྟོན་ཁང་གི་ཀྲུའུ་ཞི་མུའུ་ཧན་མོ་ཏི•པ་ཏེ་ཡ་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པ་དང་། མུའུ་སི་ལིན་སྤུན་ཟླ་ཚོགས་པས་རྩ་འཛུགས་བྱས་པའི་ཁྲོམ་སྐོར་བྱ་འགུལ་མང་པོ་མཚམས་མི་འཇོག་ཐབས་མེད་བྱུང་ནའང་། ཨེ་ཅིབ་ཀྱི་ས་ཆ་སོ་སོའི་དྲག་ཤུགས་དོན་རྐྱེན་མཚམས་མ་ཆད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། པ་ཏེ་ཡ་ནི་སའེ་ནཱ་ཨར་ས་ཁུལ་གྱི་ལཱ་པད་ཨ་ཨ་ཏ་ཝེ་ཡེ་སྲང་ལམ་གྱི་ཁང་པའི་ནང་ནས་འཛིན་བཟུང་བྱས་པ་དང་། ཁང་པ་དེ་ནི་ཨེ་ཅིབ་ཀྱི་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཨར་ཞི་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཉེ་སྔོན་འདུས་སའི་ལ་པད་ཨ་ཨ་ཏ་ཝེ་ཡེ་མུའུ་སི་ལིན་ཆོས་ཁང་ཐང་ཆེན་གྱི་གཞུག་ཏུ་ཡོད། ཉེན་རྟོག་ཕྱོགས་ཀྱིས་པ་ཏེ་ཡའི་འདུག་ས་རྩད་ཆོད་རྗེས་ཁོ་འཛིན་བཟུང་བྱས་པ་རེད་ཟེར།

མུའུ་སི་ལིན་སྤུན་ཟླ་ཚོགས་པའི་གསར་འགྱུར་མགྲིན་ཚབ་པ་ཨ་ལེ་ཧྥུའུ་ཡིས་དེའི་རྗེས་སུ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། པ་ཏེ་ཡ་ནི་མུའུ་སི་ལིན་སྤུན་ཟླ་ཚོགས་པའི་ཁོངས་མི་ཞིག་ཡིན་པ་དང་། མུའུ་སི་ལིན་སྤུན་ཟླ་ཚོགས་པ་དེ་ཁྲིམས་མཐུན་རང་བཞིན་རྒྱབ་སྐྱོར་རྒྱལ་ཡོངས་མནའ་འབྲེལ་ཞེས་པའི་ཁོངས་སུ་གཏོགས་ལ། མནའ་འབྲེལ་དེས་ཨེ་ཅིབ་མི་དམངས་ཀྱི་སེམས་ཁོངས་སུ་གོ་གནས་བརྟན་པོ་བཟུང་ཡོད་ཟེར།

ཨེ་ཅིབ་ཀྱི་ས་གནས་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲིམས་མཐུན་རང་བཞིན་རྒྱབ་སྐྱོར་རྒྱལ་ཡོངས་མནའ་འབྲེལ་ཞེས་པའི་གསར་འགྱུར་མགྲིན་ཚབ་པ་ཐ་ལ་ཐི་ཡང་པ་ཏེ་ཡ་དང་མཉམ་དུ་འཛིན་བཟུང་བྱས་ཟེར། གཞན་ཡང་བསྒྲགས་པ་ལྟར་ན་མུའུ་སི་ལིན་སྤུན་ཟླ་ཚོགས་པའི་མཐོ་རིམ་ཁོངས་མི་ཧ་སང•མ་ལེ་ཁི་ཡང་འཛིན་བཟུང་བྱས་ཟེར་མོད། ཡིན་ནའང་དཔོན་ཕྱོགས་ཀྱིས་དེར་བདེན་དཔང་མ་བྱས།

ཁྲིམས་མཐུན་རང་བཞིན་རྒྱབ་སྐྱོར་རྒྱལ་ཡོངས་མནའ་འབྲེལ་གྱིས་ཚེས20ཉིན་གསལ་བསྒྲགས་སྤེལ་ནས། ཉིན་དེར་ཁའེ་ལོ་ནས་རྔམ་སྟོར་ཁྲོམ་སྐོར་དགུ་སྤེལ་བ་ཡིན་མོད། ཡིན་ནའང་མུའུ་སི་ལིན་སྤུན་ཟླ་ཚོགས་པའི་རྔམ་སྟོན་འཆར་གཞི་ལ་ས་དེའི་མང་ཚོགས་ཀྱིས་ངོ་རྒོལ་ཐེབས་པས། རྔམ་སྟོན་ཁྲོམ་སྐོར་མང་པོ་མཚམས་མི་འཇོག་ཐབས་མེད་བྱུང་ཞེས་བཤད།

དེ་དང་མཉམ་དུ། ཨེ་ཅིབ་ཀྱི་ས་ཆ་སོ་སོ་ནས་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་མཚམས་མ་ཆད། ཨེ་ཅིབ་ཞི་ནའེ་བྱང་མ་ཞིང་ཆེན་ནས་ཉེན་རྟོག་པ་དྲུད་པའི་རླངས་འཁོར་གཉིས་ལ་ཚེས་བཅུ་དགུ་ཉིན་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་ཉེན་རྟོག་པ་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། ཉེན་རྟོག་པ་གསུམ་ལ་རྨས་ཕོག ཞི་ནའེ་བྱང་མ་ཞིང་ཆེན་གྱི་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཀྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཉེན་རྟོག་རླངས་འཁོར་གཉིས་ལམ་དུ་འགྲོ་སྐབས་དྲག་ཆས་མི་སྣས་བཀག་པ་དང་། དྲག་ཆས་མི་སྣ་བཙན་གྱིས་ཉེན་རྟོག་པ་རྣམས་རླངས་འཁོར་ལས་བབས་ཏེ་གྲལ་བསྒྲིགས་སུ་བཅུག་རྗེས། ཁོ་ཚོར་མེ་མདས་བརྒྱབ་སྟེ་བསད་ཟེར།

ཉིན་དེར་སུ་ཡིན་མི་ཤེས་པའི་དྲག་ཆས་མི་སྣས་ཞི་ནའེ་བྱང་མ་ཞིང་ཆེན་ཨ་ལེ་ཧྲི་གྲོང་ཁྱེར་གྱི་དམག་དོན་སྒྲིག་ཆས་ཤིག་དང་དངུལ་ཁང་ཞིག་ལ་འཇབ་རྒོལ་བྱས་པ་མ་ཟད། ཉེན་རྟོག་པར་འཐབ་འཁྲུག་དྲག་པོ་བརྒྱབ་སྟེ། ཉེན་རྟོག་པ་ཞིག་རྨས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག