མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་གྱི་གཙོ་གནད་དམིགས་འབེན་འགའ་མངོན་འགྱུར་བྱས་ཡོད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-07-02 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་སྤྱི་ཟླ7པའི་ཚེས1ཉིན་རི་ནེ་ཝ་ནས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་གྱི་གཙོ་གནད་དམིགས་འབེན་འགའ་མངོན་འགྱུར་བྱུང་ཡོད་ཟེར། ཁོས་སྔར་ལས་འབད་པ་ཆེན་པོས་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཚན་རྩལ་དང་གསར་གཏོད་ཀྱི་ནུས་པ་གལ་ཆེན་ནན་བཤད་བྱས།

ཕན་ཅི་བུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི2013ལོའི་ངོ་བོ་རང་བཞིན་ལྡན་པའི་གྲོས་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། 2013ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་གྱི་སྙན་ཞུ་ཁྱབ་བསྒྲགས་བྱས། ཕན་ཅི་བུན་གྱིས་བཤད་རྒྱུར། སྙན་ཞུ་ལས་མངོན་པ་ལྟར་ན་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་ཁྲོད་ཀྱི་གཙོ་གནད་དམིགས་འབེན་འགའ་མངོན་འགྱུར་བྱུང་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་ཆེས་དབུལ་ཕོངས་ཀྱི་ཆ་རྐྱེན་འོག་འཚོ་སྡོད་བྱེད་པའི་མི་གྲངས་ཀྱི་བསྡུར་ཚད་དེ་ཕྱེད་ཙམ་ཇེ་ཉུང་དུ་སོང་བ་དང་། མི་ཐེར་འབུམ་གཉིས་དང་དུང་ཕྱུར་གཅིག་གིས་ལེགས་བཅོས་བྱས་པའི་འཐུང་ཆུ་བཀོལ་ཐུབ་པ་དང་། བཤལ་བ་དང་གློ་གཅོང་འདྲིལ་ནད་ཀྱི་འགོག་བཅོས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཟེར།

ཕན་ཅི་བུན་གྱིས་ནན་གྱིས་བསྟན་དོན། སྙན་ཞུ་ལས་ད་རུང་ཁོར་ཡུག་རྒྱུན་མཐུད་རང་བཞིན་ལ་འཇིགས་ཉེན་ཐེབས་པ་དང་། ལོ་ལྔའི་མན་གྱི་བྱིས་པའི་ཤི་ཚད་མཐོ་བ། ཕོ་མོ་འདྲ་མཉམ་མིན་པ་སོགས་ཀྱི་འགྲན་རྩོད་ཆེན་པོ་སྔར་བཞིན་གནས་ཡོད་པར་བསྟན་ཡོད་པས། ཁོས་འཛམ་གླིང་ཡོངས་ཀྱིས་སྔར་ལས་འབད་བརྩོན་བྱེད་དགོས་པ་དང་། ཁྱད་པར་དུ་ས་ཁུལ་བར་དང་སྤྱི་ཚོགས་ཚོགས་ཁག་མི་འདྲ་བའི་བར་གྱི་བར་ཁྱད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། ང་ཚོ་མིག་སྔར་ལས་འགན་གལ་ཆེན་གཉིས་ལ་འཕྲད་ཡོད་པ་དང་། ཐོག་མར་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་གྱི་ཆེས་མཇུག་མཐའི་དུས་ཚོད་ལོངས་རག་བར་ཉིན་སྟོང་གཅིག་ཙམ་ལས་མེད་པའི་གནས་ཚུལ་འོག་ང་ཚོས་ངེས་པར་དུ་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། དེའི་ཞོར་དུ་ང་ཚོས་ངེས་པར་དུ་དབུལ་ཕོངས་སེལ་བ་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པ་སྙིང་བོ་ཡིན་པའི2015ལོའི་རྗེས་ཀྱི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཉིན་རིམ་གཏན་འབེབས་བྱེད་དགོས་ཟེར།

དེ་ལས་གཞན་ཕན་ཅི་བུན་གྱིས་ད་རུང་ཚན་རྩལ་དང་གསར་གཏོད་ཀྱི་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ཀྱི་ནུས་པ་གལ་ཆེན་ནན་བཤད་བྱས་པར་མ་ཟད། ངེས་པར་དུ་ཚན་རྩལ་དང་གསར་གཏོད་ལ་ལྡན་པའི་བཅོས་བསྒྱུར་ནུས་པ་བེད་སྤྱོད་གང་ལེགས་བྱེད་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཉིས་སྟོང་བཅུ་གསུམ་ལོའི་ངོ་བོ་རང་བཞིན་ལྡན་པའི་གྲོས་ཚོགས་དེ་སྤྱི་ཟླ7པའི་ཚེས1ཉིན་ནས་ཚེས25ཡི་ཉིན་བར་རི་ནེ་ཝ་ནས་ཚོགས་རྒྱུ་རེད། ངོ་བོ་རང་བཞིན་ལྡན་པའི་གྲོས་ཚོགས་དེ་ལོ་རེའི་སྤྱི་ཟླ7པར་ཐེངས་རེ་སྤེལ་བཞིན་ཡོད་པ་དང་། གྲོས་ཚོགས་ཀྱི་ཡུན་ཚད་ནི་གཟའ་འཁོར4ཡིན་ལ། ཉིག་ཡོ་དང་རི་ནེ་ཝ་ནས་རེས་མོས་ཀྱིས་སྤེལ་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག