མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་ལྷོ་ནུབ་ས་ཁུལ་དུ་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི28རྐྱེན་ལམ་དུ་ཤོར་བ་དང་མི60ལ་རྨས་ཕོག་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-07-02 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་སྤྱི་ཟླ6པའི་ཚེས30ཡི་ཉིན་ཁྱབ་སྒྲོག་བྱས་དོན། ཕཱ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་ཁོས་ཏཱ་གྲོང་ཁྱེར་གྱི་ཆོས་ལུགས་སློབ་གྲྭ་ཞིག་གི་དབྱི་སི་ལན་ཆོས་ཁང་དུ་ཉིན་དེའི་དགོང་མོར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི28རྐྱེན་ལམ་དུ་ཤོར་བ་དང་། མི60ལྷག་ལ་རྨས་ཕོག་ཟེར།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། སྐབས་ཐོག་དེར་མི་མང་བོས་ཆོས་ལུགས་སློབ་གྲྭའི་དབྱི་སི་ལན་ཆོས་ཁང་དུ་གསོལ་འདེབས་བྱས་རྗེས་དབྱི་སི་ལན་ཆོས་ཁང་ནས་ཕྱིར་འགྲོ་བཞིན་ཡོད་པ་དང་། ལུས་ལ་བུད་མེད་ཀྱི་གྱོན་ཆོས་གོན་ཞིང་གདོང་ཁེབ་གཡོགས་པའི་འཇབ་རྒོལ་མཁན་ཞིག་གིས་རང་གི་ལུས་སྟེང་གི་འགད་རྫས་འགད་གཏོར་བཏང་བ་རེད་ཟེར།

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། འཇབ་རྒོལ་མཁན་ནི་ན་གཞོན་སྐྱེས་པ་ཞིག་ཡིན་པ་དང་། འགས་གཏོར་བྱུང་རྗེས་དོན་རྐྱེན་བྱུང་ས་དང་བར་ཐག་སྨིད50ཙམ་ཡོད་པའི་ས་ནས་ཁོའི་མགོ་བོ་རྙེད་ཡོད། མིག་སྔར་འཇབ་རྒོལ་དེ་ལས་མི28རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བུད་མེད1དང་བྱིས་པ3ཡོད་ཟེར།

མིག་སྔར་བདེ་འཇགས་མི་སྣས་དོན་རྐྱེན་བྱུང་སར་བཀག་སྡོམ་བྱས་ཏེ། འཇབ་རྒོལ་མཁན་གྱི་ལག་རོགས་སྔོག་བཤེར་དང་འཛིན་བཟུང་བྱེད་པའི་བྱ་བ་སྤེལ་བཞིན་ཡོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་སའི་ཉེ་འདབས་ནས་ལག་འབོམ་གཉིས་རྙེད་ཡོད།

ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨར་ཏཱ་ལི་དང་ཙུང་ལི་ཞེ་ལི་ཧྥུའུ་གཉིས་ཀྱིས་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་བར་མ་ཟད། ཤི་བོའི་ཁྱིམ་མི་ལ་འཚམས་འདྲིར་བྱས།

མིག་སྔར་ད་རུང་རྩ་འཛུགས་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག