མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞིན་ཅང་གི་དྲག་ཤུགས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-07-01 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཞིན་ཅང་དུ་བསྟུད་མར་ཉིན་འགའི་རིང་དྲག་ཤུགས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཞིན་ཅང་གི་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་གྱོང་གུད་ཚབས་ཆེན་བཟོས་པ་དང་། ཞིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ལ་གནོད་པ་ཚབས་ཆེན་ཐེབས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞིན་ཅང་གི་དྲག་ཤུགས་འཇིགས་སྐུལ་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་ནས། ཀྲུང་གོའི་སྲིད་གཞུང་གི་ཞིན་ཅང་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་འཇིགས་སྐུལ་བྱ་སྤྱོད་ལ་ཆམ་ཕབ་དྲག་པོ་གཏོང་བའི་བྱེད་ཐབས་ལ་རྒྱབ་སྐྱོར་བྱས།

ཨར་ཅི་རི་ཡཱའི་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཏི་པེ་ཧྲི་ཡིས་བཤད་རྒྱུར། ཞིན་ཅང་ནས་བྱུང་བའི་དྲག་ཤུགས་འཇིགས་སྐུལ་འཇབ་རྒོལ་གྱི་བྱེད་ཐབས་ཡ་ང་ཞིང་། དམིགས་ཡུལ་ནི་ཀྲུང་གོའི་མི་རིགས་མཐུན་སྒྲིལ་དང་བརྟན་འཇགས་ལ་གཏོར་བརླག་བྱེད་པའི་ཆེད་ཡིན་པས། ཨར་ཅི་རི་ཡཱའི་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱིས་དོན་དེར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད། འཇིགས་སྐུལ་རིང་ལུགས་ནི་འཛམ་གླིང་ཡོངས་ཀྱི་དགྲ་བོ་ཡིན་སྟབས། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྲིད་གཞུང་གི་འགན་འཁྲི་ཡིན། ཨར་ཅི་རི་ཡཱའི་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་ཀྲུང་གོའི་སྲིད་གཞུང་གིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཐད་ཀྱི་ཆོད་སེམས་དང་བྱེད་ཐབས་ལ་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་ནས་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕཱ་ཁི་སི་ཐན་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་དཔོན་པོ་མཱ་ཧཱ་མའོ་ཏི་ཡིས་བཤད་རྒྱུར། ཁྲིམས་འགལ་ཉེས་ཅན་སྐོར་ཞིག་གིས་ཞིན་ཅང་གི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་གཏོར་བརླག་གཏོང་རྩིས་བྱས་ཤིང་། ཡང་དང་བསྐྱར་དུ་སྲིད་གཞུང་ལ་ངོ་རྒོལ་བྱེད་པ་དང་མི་དམངས་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་སྤེལ་ཏེ། ཀྲུང་གོའི་འཕེལ་རྒྱས་ཐད་བཀག་རྒྱ་བཟོས། རྒྱལ་ཁབ་གང་རུང་གིས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པ་དང་། དཔལ་འབྱོར་འཕེལ་རྒྱས་ལ་བཀག་རྒྱ་བཟོ་བ། སྤྱི་ཚོགས་འཆམ་མཐུན་ལ་གཏོར་བརླག་བྱེད་པའི་འཇིགས་སྐུལ་རིང་ལུགས་བྱ་སྤྱོད་ལ་ཀུ་ཡངས་གཏན་ནས་གཏོང་མི་སྲིད་ཟེར།

ཁམ་པོ་རྫའི་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་སོ་ཏུའུ་ཡིས་བཤད་རྒྱུར། ཁྲིམས་འགལ་ཉེས་ཅན་གྱིས་ཆོས་ལུགས་གནད་དོན་ལ་ཁ་གཡར་ནས་དཀྲུག་ཤིང་འཕང་ནས་ཁ་བྲལ་བྱ་འགུལ་སྤེལ་བ་རེད། ཁམ་པོ་རྫ་ནེ་ཀིའི་མགྲིན་ཚབ་པ་ཕཱ་ཞི་ཕན་གྱིས་བཤད་རྒྱུར། ཀྲུང་གོའི་གྲོགས་པོ་ཡིན་པའི་ཆ་ནས་ཁམ་པོ་རྫ་རྒྱལ་ཁབ་ཀྱིས་ཀྲུང་གོ་ནས་ཐལ་སྤྱོད་དྲག་ཤུགས་དོན་རྐྱེན་འབྱུང་བའི་སྣང་ཚུལ་མཐོང་འདོད་མེད་ལ། ངེས་པར་དུ་བྱེད་ཐབས་ནན་མོ་སྤྱོད་དགོས་ཟེར།

ཨ་ཧྥུའུ་ཧན་ཁཱ་པུའུ་ཨར་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཁོངས་མི་ཝ་ཞི་ཏི་དང་རྒྱ་གར་གྱི་འཐབ་ཇུས་དཔྱད་བརྗོད་པ་གྲགས་ཅན། དམག་དཔུང་ལས་ཕྱིར་བུད་པའི་སྐམ་དམག་གི་དམག་དཔོན་ཆའོ་ཕུའུ་ལཱ། ཧྥ་རན་སིའི་ས་ཁོངས་ཆབ་སྲིད་རིག་པའི་འབུམ་རམས་པ། ཀྲུང་གོའི་གནད་དོན་གྱི་ཆེད་མཁས་པ་ཕིས་ཁཱ་ཨར་བཅས་ཀྱིས་བསྟན་དོན། མི་རེ་འགས་ཞིན་ཆང་ས་ཁུལ་དུ་ཟིང་འཁྲུག་དང་དྲག་ཤུགས་འཇབ་རྒོལ་སློང་བར་ངན་སྐུལ་བྱས་པ་དང་། ཀྲུང་གོའི་སྲིད་གཞུང་གིས་དྲག་ཤུགས་བྱ་སྤྱོད་དེ་དག་ལ་ཆམ་ཕབ་གཏོང་བ་ནི་ཡང་དག་པའི་བྱེད་ཐབས་ཤིག་ཡིན་པ་དང་། མི་དམངས་ཀྱི་རང་དབང་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག