མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་རྒྱལ་ཁབ་ཀྱིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་མཚོན་ཆ་འདོན་སྤྲོད་བྱེད་པ་དེ་རི་ནེ་ཝའི་གྲོས་ཚོགས་བསྡུ་བའི་འདོད་འདུན་དང་འགལ་ཡོད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-30 11:03

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་འདོན་སྤྲོད་བྱེད་པ་དེས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ངོ་རྒོལ་ཕྱོགས་ཁག་གིས་དྲག་ཤུགས་ལ་བརྟེན་ནས་སི་རི་ཡཱའི་སྲིད་དབང་འཕྲོག་ལེན་བྱེད་པའི་རེ་འདུན་ལ་རྒྱབ་སྐྱོར་བྱེད་བཞིན་པ་མཚོན་ལ། དེ་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཐེངས་གཉིས་པ་བསྡུ་བའི་འདོད་འདུན་དང་འགལ་ཡོད་ཟེར།

    ལཱ་ཧྥུའུ་ལོ་ཧྥུའུ་ཡིས་མའོ་ལོ་ཀིའི་ཕྱི་འབྲེལ་བློན་ཆེན་ཨོ་ཐི་མཱ་ནེ་དང་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་བསྟན་དོན། དབང་འཛིན་ལས་ཁུངས་ཀྱིས་མགོ་སྒུར་འདོད་མེད་པ་དང་། ངོ་རྒོལ་ཕྱོགས་ཁག་གི་འགུལ་སྐྱོད་ཁྱབ་ཁོངས་ཀྱི་དམག་དོན་དོ་མཉམ་ཡོང་བ་སླར་གསོ་མ་བྱས་གོང་ཁོ་ཚོ་གྲོས་ཚོགས་གང་རུང་ལ་ཞུགས་མི་སྲིད་ཟེར།

    ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཉེ་སྔོན་ནས་མགོ་བརྩམས་པའི་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་འདོན་སྤྲོད་བྱེད་པའི་བྱ་སྤྱོད་དེ་ནི་དོན་དམ་དུ་ནུབ་ཕྱོགས་རྒྱལ་ཁབ་དང་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་འདོན་སྤྲོད་བྱེད་འདོད་པའི་རྒྱལ་ཁབ་གཞན་པའི་ཐོག་མའི་ཆ་རྐྱེན་ཡིན་པ་དང་། ཆ་རྐྱེན་ཅི་ཡང་མེད་པར་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་བསྡུ་བའི་འདོད་འདུན་དང་ཡང་འགལ་ཡོད་ཟེར།

    མཉམ་འབྲེལ་རྒྱལ་ཚོགས་དང་ཨ་མེ་རི་ཁ། ཨུ་རུ་སི་བཅས་ཀྱི་དཔོན་རིགས་ཀྱིས་ཚེས་ཉེར་ལྔ་ཉིན་རི་ནེ་ཝ་ནས་ཨ་མེ་རི་ཁ་དང་ཨུ་རུ་སིས་གྲོས་མགོ་བཏོན་པའི་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བར་སྐུལ་འདེད་གཏོང་བའི་ཐད་ནས་ཡང་བསྐྱར་གྲོས་ཚོགས་བསྡུས་བསྡུས་ཀྱང་། རི་ནེ་ཝའི་གྲོས་ཚོགས་བསྡུ་བའི་དུས་ཚོད་དང་ཚོགས་ཞུགས་མཁན་སོགས་གནད་དོན་གཙོ་བོའི་ཐད་ནས་གཅིག་གྱུར་གྱི་ལྟ་ཚུལ་བྱུང་མེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག