མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅོར་ཏན་གྱི་རྒྱལ་བོས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལ་ཐུག་འཕྲད་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-29 10:40

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་རྒྱལ་བོའི་ཕོ་བྲང་གིས་ཚེས27ཉིན་གསལ་སྒྲོག་སྤེལ་ཏེ། ཅོར་ཏན་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་ཡིས་ཉིན་དེར་རྒྱལ་ས་ཨན་མན་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལི་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་མཉམ་གནས་ཀྱི་ཐག་གཅོད་ཇུས་གཞིའི་ཁྱབ་ཁོངས་ནང་། དྲང་བདེན་གྱིས་ཕཱ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པ་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་རྩོད་གླེང་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པར་འདོད།

    གསལ་སྒྲོག་ལས་བཤད་རྒྱུར། ཨ་པུའུ་ཏུའུ་ལཱ་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཅོར་ཏན་གྱིས་མུ་མཐུད་དུ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པར་འབད་བརྩོན་བྱས་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་མཇུག་མཐའི་གོ་གནས་གནད་དོན་ཐག་གཅོད་བྱེད་པར་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར། ཁོས་དབྱི་སི་རལ་གྱིས་ཨུ་ཚུགས་མཐར་སྐྱེལ་གྱིས་བཀག་རྒྱ་བཟོས་ཏེ། ཐེངས་མང་བོར་དབྱི་སི་ལན་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་ཀྱི་གནས་མཆོག་ལ་གནོད་བསྐྱལ་ན། ཞི་བདེ་མངོན་འགྱུར་བྱེད་པའི་གོ་སྐབས་ཤོར་སྲིད་པའི་ཉེན་བརྡ་བཏང་། ཁོས་བསྟན་དོན། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་རང་བཙན་གྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པ་ནི་ཀྲུང་ཏུང་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས། བརྟན་འཇགས་བཅས་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར།

    སི་རི་ཡཱའི་ཉམས་ཉེན་གླེང་སྐབས་ཨ་པུའུ་ཏུའུ་ལཱ་ཡིས་བཤད་རྒྱུར། ཅོར་ཏན་རྒྱལ་ཁབ་ཀྱིས་བར་བརྒལ་བསམ་པའི་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཇུས་གཞི་གང་རུང་འཚོལ་ཞིབ་བྱས་ཏེ། སི་རི་ཡཱའི་མི་དམངས་ཀྱི་དཀའ་སྡུག་མཇུག་སྒྲིལ་དུ་འཇུག་པ་དང་། ས་ཁུལ་དེར་ཉམས་ཉེན་དེ་ལས་བྱུང་བའི་གནོད་འཚེ་རང་བཞིན་གྱི་མཇུག་འབྲས་འབྱུང་བར་སྔོན་འགོག་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅོར་ཏན་ལ་རོགས་རམ་བྱས་ཏེ་ཡུལ་གྱར་བ་བཀོད་སྒྲིག་བྱེད་པའི་ཐད་མི་ཆོས་རིང་ལུགས་ཀྱི་ཞབས་ཞུ་དང་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

    ཁི་ལི་ཡིས་ཅོར་ཏན་གྱིས་ཀྲུང་ཏུང་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་མངོན་འགྱུར་བྱེད་ཆེད་འབད་བརྩོན་བྱས་པར་གཟེངས་བསྟོད་བྱས་པ་དང་། རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་པར་མ་ཟད། ཅོར་ཏན་གྱི་རྒྱལ་བོར་ཨ་མེ་རི་ཁའི་ས་ཁུལ་དེའི་ཞི་བདེ་མངོན་འགྱུར་བྱེད་པའི་སྐོར་གྱི་འདོད་བློ་བཏོན།

    ཁི་ལི་ཉིན་དེའི་སྔ་དྲོར་ཨན་མན་དུ་འབྱོར་ནས་ཅོར་ཏན་རྒྱལ་ཁབ་ལ་དུས་ཡུན་ཉིན་གསུམ་གྱི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག