མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་དང་ཁོ་ལོམ་པུ་ཡཱས་མཉམ་ལས་གྲོས་མཐུན་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-27 09:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་དང་ཁོ་ལོམ་པུ་ཡཱས་སྤྱི་ཟླ6པའི་ཚེས25ཉིན་པུའུ་ལུའུ་སེར་ནས་གསང་འཕྲིན་མཉམ་ལས་ཀྱི་གྲོས་མཐུན་ཞིག་བཀོད་དེ། ཕྱོགས་གཉིས་ཀྱིས་མ་འོངས་པར་མཉམ་ལས་བྱེད་པར་རྨང་གཞི་བཏིང་། དེ་བས་ཁོ་ལོམ་པུ་ཡཱ་རྒྱལ་ཁབ་དེ་ཐོག་དང་པོར་བྱང་ཆིངས་རྩ་འཛུགས་བར་གྲོས་མཐུན་དེ་རིགས་བཀོད་པའི་མེ་གླིང་ལྷོ་མའི་རྒྱལ་ཁབ་ཏུ་གྱུར།

ཉིན་དེར་ཁོ་ལོམ་པུ་ཡཱའི་རྒྱལ་སྲུང་བློན་ཆེན་ཕེན་སུང་གིས་པུའུ་ལུའུ་སེར་དུ་ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ལ་འཚམས་འདྲི་བྱས་པར་མ་ཟད། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཧྥོ་ཧྲི་པའོ་གཉིས་ཀྱིས་མཉམ་ལས་གྲོས་མཐུན་དེ་བཀོད།

ཧྥོ་ཧྲི་པའོ་ཡིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་གཅིག་མཚུངས་ཀྱི་རིན་ཐང་ལྟ་བ་ཡོད་པའི་རྒྱལ་ཁབ་བར་མཉམ་ལས་བྱེད་འདོད་ཡོད། གྲོས་མཐུན་དེ་ལས་ཁོ་ལོམ་པུ་ཡཱ་དེ་བྱང་ཆིངས་རྩ་འཛུགས་ཀྱི་གྲོགས་པོའི་རྒྱལ་ཁབ་ཏུ་དངོས་སུ་ཁས་ལེན་བྱས་མེད་ཀྱང་། ཕྱོགས་གཉིས་ཀྱིས་བདེ་འཇགས་ཁྱབ་ཁོངས་ནང་མཉམ་ལས་ལ་ཤུགས་སྣོན་པའི་གོམ་རིམ་དང་པོ་ཡིན་ལ། ཕྱིན་ཆད་ཁོ་ལོམ་པུ་ཡཱ་བྱང་ཆིངས་རྩ་འཛུགས་ཀྱི་བྱ་འགུལ་ནང་ཞུགས་པར་ལྷག་ཏུ་སྟབས་བདེ་ཡིན་ཟེར།

ཕེན་སུང་གིས་བསྟན་དོན། ཁོ་ལོམ་པུ་ཡཱ་དེ་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་མི་སྲིད་ཀྱང་། བྱང་ཆིངས་རྩ་འཛུགས་ལ་སློབ་སྦྱོང་བྱས་ཏེ་དུག་འགོག་དང་འཇིག་སྐུལ་ལ་ངོ་རྒོལ་བྱེད་པ་སོགས་ཐད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད་ཟེར།

ཉེ་བའི་ལོ་འགའི་རིང་ལ། བྱང་ཆིངས་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ནས་ཤུགས་ཆེན་པོས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་བཏང་བ་དང་། འཇར་པན་དང་ཧན་གོ། ཨོ་སི་ཁྲུ་ལི་ཡཱ། མོང་གོལ་སོགས་རྒྱལ་ཁབ་མང་བོའི་བར་རྣམ་པ་མི་འདྲ་བའི་མཉམ་ལས་བྱེད་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག