མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་ལེ་པཱ་ནུན་གྱི་དམག་དཔུང་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-25 11:42

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་སྤྱི་ཟླ6པའི་ཚེས24ཡི་ཉིན་ཁོའི་མགྲིན་ཚབ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ལེ་པཱ་ནུན་གྱི་དམག་དཔུང་ལ་འཇབ་རྒོལ་ཐེབས་ཏེ་དམག་མི་མང་བོར་ཤི་རྨས་བྱུང་བར་རྒོལ་གཏམ་དྲག་པོ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་བུན་གྱིས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སེ་ཏཱའི་གནས་བབ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། འཇབ་རྒོལ་དོན་རྐྱེན་ལས་གནོད་པ་ཐེབས་མཁན་གྱི་ཁྱིམ་མི་དང་ལེ་པཱ་ནུན་སྲིད་གཞུང་ལ་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། ལེ་པཱ་ནུན་གྱི་ཕྱོགས་ཁག་སོ་སོས་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་འཇོག་དང་ཙུང་ཐུང་སུའུ་ལེ་མན་གྱིས་མགོ་ཁྲིད་པའི་རྒྱལ་ཁབ་ལས་ཁུངས་དང་ཁྱད་པར་དུ་ལེ་པཱ་ནུན་གྱི་མི་ཚང་མར་སྲུང་སྐྱོབ་བྱེད་པའི་འགན་ཁུར་བའི་ལེ་པཱ་ནུན་དམག་དཔུང་ལ་བརྩི་འཇོག་བྱེད་དགོས་ཟེར། ཁོས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་པཱ་ནུན་རྒྱལ་ཁབ་ཀྱི་བདག་དབང་དང་སྤྱི་ཚོགས་བདེ་འཇགས། བརྟན་འཇགས་བཅས་ལ་རྒྱབ་སྐྱོར་བྱེད་དགོས་ཟེར།

ལེ་པཱ་ནུན་དཔོན་ཕྱོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་སེ་ཏཱ་གྲོང་ཁྱེར་དུ་བསྡད་ཡོད་པའི་ལེ་པཱ་ནུན་དམག་དཔུང་ལ་ཚེས23ཉིན་སཱ་ལཱ་ཧྥེ་ཕྱོགས་ཁག་གི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཉིན་དེའི་ནམ་གུང་བར་དམག་མི10རྐྱེན་ལམ་དུ་ཤོར་བ་དང་། མི35ལ་རྨས་ཕོག་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག