མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཁྲུག་རྩོད་ཁྲོད་ཀྱི་བཙན་གཡེམ་བྱ་སྤྱོད་ཐག་གཅོད་དང་སྔོན་འགོག་བྱེད་དགོས་པ་ནན་བཤད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-25 11:42

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྤྱི་ཟླ6པའི་ཚེས24ཡི་ཉིན་གྲོས་མཐུན་བཀོད་དེ། འཁྲུག་རྩོད་ཁྲོད་བཙན་གཡེམ་བྱ་སྤྱོད་ཐག་གཅོད་དང་སྔོན་འགོག་བྱེད་པ་དེ་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་བྱེད་པར་ཕན་པ་མ་ཟད། བུད་མེད་དག་འབྲེལ་ཡོད་ཀྱི་སྲུང་སྐྱོབ་ཐབས་ཇུས་དང་འདུམ་འགྲིག་བྱ་བར་ཞུགས་དགོས་པའི་འབོད་སྐུལ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་བུད་མེད་དང་ཞི་བདེ། བདེ་འཇགས་བཅས་ཀྱི་གནད་དོན་ཐད་ནས་དཔྱད་གླེང་ཚོགས་འདུ་བསྡུས་ཏེ་གྲོས་ཆོད་བཀོད། གྲོས་ཆོད་ལས་གལ་ཏེ་བཙན་གཡེམ་བྱ་སྤྱོད་དེ་འཐབ་འཁྲུག་གི་ཐབས་ཇུས་ཤིག་ཏུ་བྱེད་པ་དང་། མི་སེར་དཀྱུས་མར་དམིགས་ཏེ་སྤེལ་བའི་འཆར་གཞི་ལྡན་པའི་དཔུང་འཇུག་གི་ཁག་ཅིག་ཏུ་བྱས་ཏེ་ལག་བསྟར་བྱས་ན། དྲག་ཆས་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་ནས་དུས་འགྱངས་ཆེན་པོ་བྱེད་སྲིད་ལ། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སླར་གསོ་བྱེད་པར་ཡང་བཀག་རྒྱ་ཐེབས་སྲིད་ཟེར། གྲོས་ཆོད་ལས་ནན་གྱིས་བསྟན་དོན། ཕན་ནུས་ལྡན་ཞིང་གོ་རིམ་ལྡན་པའི་སྒོ་ནས་བཙན་གཡེམ་བྱ་སྤྱོད་དེ་རིགས་ཐག་གཅོད་དང་སྔོན་འགོག་བྱས་ན་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ཕན་པ་ཆེན་པོ་ཡོད་ཟེར། གཞན་ད་རུང་སྔོན་འགོག་དང་སྲུང་སྐྱོབ་ཐབས་ཇུས་གང་ཡིན་ཡང་ངེས་པར་དུ་བུད་མེད་ཟབ་ཞུགས་བྱེད་དགོས་པ་ནན་བཤད་བྱས།

གྲོས་ཆོད་ལས་བསྟན་དོན། བཙན་གཡེམ་དེ་མིའི་རིགས་ལ་གནོད་པའི་ནག་ཉེས་དང་རིགས་རྒྱུད་གཅོད་པའི་ནག་ཉེས་གྲུབ་ཡོད་པས། ཁོངས་གཏོགས་རྒྱལ་ཁབ་སོ་སོས་འབྲེལ་ཡོད་འོས་འགན་ལག་བསྟར་བྱས་ཏེ། མུ་མཐུད་དུ་རང་གི་དབང་འོག་ཏུ་གཏོགས་པའི་ས་ཁོངས་ཀྱི་ཉེས་སྤྱོད་ཀྱི་འགན་ཁུར་བར་རྟོག་ཞིབ་དང་ཞུ་གཏུག་བྱས་ཏེ། ནག་ཉེས་བཟོས་ཀྱང་ཆད་པ་མི་གཅོད་པའི་སྣང་ཚུལ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཁྲུག་རྩོད་ཁྲོད་དང་འཁྲུག་རྩོད་རྗེས་ཀྱི་བཙན་གཡེམ་གནད་དོན་དང་། བུད་མེད་ཀྱི་ཞི་བདེ་དང་བདེ་འཇགས་ལ་འབྲེལ་བའི་གནད་དོན་ལ་ལྟ་ཞིབ་ནན་མོ་དང་དོ་སྣང་ཆེན་པོ་བྱེད་དགོས་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྱེད་ཐབས་གང་རུང་སྤྱད་དེ་བུད་མེད་དག་འདུམ་འགྲིག་དང་འཁྲུག་རྩོད་རྗེས་ཀྱི་སླར་གསོ། ཞི་བའི་འཛུགས་སྐྲུན་བྱ་བ་བཅས་ཀྱི་ཁྲོད་དུ་ཞུགས་སུ་འཇུག་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག