མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་མཛའ་མཐུན་གྲོགས་པོ་ཞེས་པའི་གྲོས་ཚོགས་ནས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པར་དམག་དོན་རོགས་སྐྱོར་བྱེད་པར་འཐད་པ་བྱུང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-23 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བཅུ་གཅིག་གི་ཕྱི་འབྲེལ་བློན་ཆེན་ཞུགས་པའི་སི་རི་ཡཱའི་མཛའ་མཐུན་གྲོགས་པོ་ཞེས་པའི་གྲོས་ཚོགས་ཚེས22ཉིན་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་གྲོལ། གྲོས་ཚོགས་ནས་སི་རི་ཡཱའི་མངའ་ཁོངས་ཀྱི་ངོ་རྒོལ་ཕྱོགས་ཁག་ལ་དམག་དོན་དང་བཅས་པའི་བྲེལ་མྱུར་རོགས་སྐྱོར་བྱེད་རྒྱུར་འཐད་པ་བྱུང་།

ཐེངས་འདིའི་གྲོས་ཚོགས་དུས་ཚོད་འགའི་རིང་གསང་སྟབས་ཀྱིས་ཚོགས་རྗེས་གྲོལ་བ་དང་། ཚོགས་འདུ་གྲོལ་རྗེས་གསལ་སྒྲོག་ཐུང་ངུ་སྤེལ། གསལ་སྒྲོག་ནང་སི་རི་ཡཱའི་མཛའ་མཐུན་གྲོགས་པོ་ཞེས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་རང་ཉིད་ཀྱིས་འདོད་པའི་བྱེད་སྟངས་ལྟར་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་རོགས་སྐྱོར་བྱས་ཆོག་པ་དང་། སི་རི་ཡཱའི་དབང་འཛིན་ལས་ཁུངས་ཀྱིས་དྲག་ཤུགས་མཚམས་འཇོག་པར་སྐུལ་འདེད་གཏོང་བའི་འགན་འཁྲི་ཡོད་ལ། རི་ནེ་ཝའི་གྲོས་ཚོགས་ཀྱི་སྤྱི་སྒྲོག་གི་རྨང་གཞིའི་སྟེང་ཆབ་སྲིད་ཀྱི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པར་འདོན་སྤྲོད་བྱས་པའི་དམག་དོན་རོགས་སྐྱོར་ལ་འགན་སྲུང་བྱེད་དགོས་ཟེར། རྒྱལ་ཁབ་གཉིས་ཀྱི་འཐུས་མིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་དམག་དོན་རོགས་སྐྱོར་བྱེད་པར་འཐད་པ་བྱུང་མེད།

གྲོས་ཚོགས་གྲོལ་རྗེས་ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་མཱ་ཧཱ་ཏི་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལི་གཉིས་ཀྱིས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཧཱ་མཱ་ཏི་ཡིས་གྲོས་ཚོགས་ནས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་དམག་དོན་རོགས་སྐྱོར་བྱེད་པར་འགལ་བ་ཡོད་པ་ཁས་ལེན་བྱས་ཀྱང་ནང་དོན་ཞིབ་མོར་མ་བཤད། ཁོས་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་དག་གིས་ཆབ་སྲིད་བྱེད་ཐབས་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པར་འཐད་པ་བྱུང་བ་དང་། སི་རི་ཡཱ་ལ་བྲེལ་མྱུར་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་ཡང་འཐད་པ་བྱུང་ཡོད། རྒྱལ་ཁབ་བཅུ་གཅིག་གི་འཐུས་མིའི་ཁྲོད་ཀྱི་རྒྱལ་ཁབ་གཉིས་ཀྱི་འཐུས་མི་ལས་གཞན་ཚང་མས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་དམག་དོན་རོགས་སྐྱོར་བྱེད་པར་འཐད་པ་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། འཇར་མན། དབྱི་ཐཱ་ལེ། ཐུར་ཁེ། ཨེ་ཅིབ། སོ་ཏི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཅོར་ཏན། ཁཱ་ཐར་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཚོགས་ཐོག་ནས་ད་རུང་སི་རི་ཡཱའི་ཉམས་ཉེན་གྱིས་ཉེ་འཁོར་རྒྱལ་ཁབ་དག་ལ་ཐེབས་པའི་ཤུགས་རྐྱེན་དང་། དེ་མིན་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་། སི་རི་ཡཱའི་གནས་བབ་ཀྱི་འབྲེལ་ཡོད་གནས་ཚུལ་སོགས་ལ་གྲོས་བསྡུར་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག