མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པས་ཚ་དྲོད་མཐོ་བ་ལས་སི་རི་ཡཱའི་བྱིས་པར་ནད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པའི་ཉེན་བརྡ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-22 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་སྤྱི་ཟླ6པའི་ཚེས21ཉིན་བཤད་རྒྱུར། རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་པའི་ཚ་དྲོད་དང་འཚང་ཁ་ཆེ་བའི་ཁོར་ཡུག དེ་མིན་རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་འགྲོ་བཞིན་པའི་འཕྲོད་བསྟེན་ཆ་རྐྱེན་བཅས་ནི་སི་རི་ཡཱའི་བྱིས་པ་ས་ཡ4ཡི་མདུན་དུ་ལྷགས་པའི་འཇིགས་ཉེན་གསར་བ་ཞིག་རེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཉེན་བརྡ་བཏང་སྟེ། གལ་ཏེ་བདེ་འཇགས་ཀྱི་འཐུང་ཆུ་དང་འཕྲོད་བསྟེན་སྒྲིག་ཆས་འདང་ཚིམས་པ་མེད་ན། སི་རི་ཡཱའི་མངའ་ཁོངས་དང་ཁྱིམ་མཚེས་རྒྱལ་ཁབ་ཏུ་བྲོས་བྱོལ་བྱས་པའི་བྱིས་པར་ཕོ་བཤལ་དང་ནད་རིགས་གཞན་པ་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད་ཟེར། མིག་སྔར་སི་རི་ཡཱ་དང་ཉེ་འཁོར་ས་ཁུལ་གྱི་ཚ་དྲོད་དྲོད་གྲངས་སོ་ལྔ་ཡས་མས་ཡིན་པ་དང་། ཚོད་དཔག་བྱས་ན་དབྱར་དཀྱིལ་ཙམ་ལ་དྲོད་གྲངས45ལ་བསླེབ་སྲིད་ཟེར།

བྱིས་པའི་ཐེབས་རྩ་ཚོགས་པའི་མགྲིན་ཚབ་པ་མེར་ཁཱ་ཏའོ་ཡིས་བཤད་རྒྱུར། སི་རི་ཡཱའི་ཧའོ་མུའུ་སི་རུ་ཕོ་བཤལ་གྱི་ནད་བྱུང་བའི་ནད་པ1200ཙམ་ཡོད་པ་དང་། བྱིས་པའི་ཐེབས་རྩ་ཚོགས་པས་ད་རུང་དབུགས་ལམ་མ་ལག་གི་རིམས་ནད་སོགས་འབྱུང་བའི་གནས་ཚུལ་ལ་ལྟ་རྟོག་ནན་མོ་བྱས་ཡོད་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། སི་རི་ཡཱའི་རྒྱལ་ནང་དུ་བདེ་འཇགས་ཀྱི་འཐུང་ཆུ་འཁྲུག་རྩོད་མ་བྱུང་གོང་གི་སུམ་ཆའི་གཅིག་ལས་མེད་པ་དང་། མི་མང་བོ་འགྲོ་སའི་ཁྱིམ་མེད་པ་དང་གནས་སྐབས་ཀྱི་སྡོད་སར་འཚང་ཁ་ཆེ་ལ། གཙང་སྤྱོད་ཁང་དང་ཁྲུས་ཁང་མེད་ལ། བཙོག་ཆུ་ཕྱིར་གཏོང་གི་མ་ལག་ལའང་གཏོར་བརླག་ཐེབས་ཡོད། སི་རི་ཡཱའི་ཡུལ་གྱར་བ་དང་ལེན་བྱས་པའི་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་དག་གི་ཡུལ་གྱར་བའི་སྒར་ས་དང་དངོས་གཞི་མིན་པའི་སྡོད་ས་གང་ཡིན་ཡང་དེ་ལྟར་གནས་ཚུལ་ཚབས་ཆེན་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག