མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ལ་ཐུག་འཕྲད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-21 11:31

222.jpg

        སྤྱི་ཟླ6པའི་ཚེས20ཡི་ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཧྲིན་པུས་ཏི་པའོ་ནས་ཀྲུང་གོ་སྲིད་གཞུང་གི་ཚབ་བྱས་ཏེ་སྐབས་བཅུ་བདུན་པའི་ཧྲིན་པུས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ལ་ཞུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ལ་ཐུག་འཕྲད་བྱས།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས20ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཧྲིན་པུས་ཏི་པའོ་ནས་ཀྲུང་གོ་སྲིད་གཞུང་གི་ཚབ་བྱས་ཏེ་སྐབས་བཅུ་བདུན་པའི་ཧྲིན་པུས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ལ་ཞུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ལ་ཐུག་འཕྲད་བྱས། ཀྲང་ཀའོ་ལིས་ཀྱིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཙུང་ཐུང་ཕུའུ་ཅིན་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་བསྒྲགས་བྱས། ཀྲང་ཀའོ་ལིས་ཀྱིས་བཤད་རྒྱུར། ང་རང་ཐེངས་འདིར་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་མངག་བཅོལ་ལྟར་ཀྲུང་གོ་སྲིད་གཞུང་གི་ཚབ་བྱས་ཏེ་ཧྲིན་པུས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ལ་ཞུགས་པར་ཡོང་བ་ཡིན་ལ། དེ་དང་མཉམ་དུ་སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སི་ཕྱོགས་དང་ལྷན་དུ་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་མདུན་ལྗོངས་ལ་གྲོས་བསྡུར་ཟབ་མོ་བྱེད་རྒྱུ་ཡིན་ཟེར།

  ཀྲང་ཀའོ་ལིས་ཀྱིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་ཧྲིན་པུས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་རྒྱལ་ཁའི་ངང་ལེགས་འགྲུབ་ཡོང་བར་སེམས་གཏིང་ནས་སྨོན་འདུན་ཞུ་བཞིན་ཡོད། མིག་སྔར་འཛམ་གླིང་དཔལ་འབྱོར་སླར་གསོ་བྱེད་པའི་འཕེལ་རིམ་དཀའ་ཚེགས་ཆེ་ཞིང་འགྱུར་ལྡོག་མང་ལ། འདི་ལྟ་བུའི་རྒྱབ་ལྗོངས་འོག་ཏུ་ཐེངས་འདིའི་གླེང་སྟེགས་ཀྱིས་གཙོ་བོ་འཛམ་གླིང་གི་དཔལ་འབྱོར་བརྟན་འཇགས་སྒོས་འཕར་སྣོན་ཡོང་བར་ཇི་ལྟར་སྐུལ་འདེད་གཏོང་བར་གྲོས་བསྡུར་བྱེད་པ་དང་གནད་ས་འབུར་དུ་ཐོན་པར་བྱས་ཏེ། འཛམ་གླིང་དཔལ་འབྱོར་བརྟན་འཇགས་ངང་འཕར་སྣོན་ཡོང་བར་གཏིང་ཟབ་པའི་སྒོ་ནས་ཞིབ་འཇུག་བྱེད་པ་དང་ཨུ་རུ་སིའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་པར་གོ་སྐབས་གལ་ཆེན་འདོན་སྤྲོད་བྱེད་པ་དང་། མ་འོངས་པའི་ཤུགས་རྐྱེན་ཇེ་ཆེར་བཏང་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་བྱེད་དགོས་ཟེར།

   ཀྲང་ཀའོ་ལིས་ཀྱིས་བསྟན་དོན། ད་ལོའི་ཟླ་གསུམ་པར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྒྱལ་ཁའི་ངང་ནས་ཨུ་རུ་སི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་བྱས་པ་དང་རྒྱལ་ཁབ་གཉིས་ཀྱི་བར་ལ་གལ་ཆེ་བའི་མཉམ་ལས་ཀྱི་ལྟ་ཚུལ་མང་པོ་བྱུང་བར་མ་ཟད། གྲོས་མཐུན་རབ་དང་རིམ་པ་བཀོད་དེ་ཀྲུང་གོ་དང་ཨུ་རུ་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབ། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་སྦས་ཤུགས་གཏིང་ཟབ་པའི་སྒོ་ནས་སྔོག་འདོན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱུན་ལྡན་རང་བཞིན་གྱི་ཉོ་ཚོང་མཉམ་ལས་དེ་དངུལ་གཏོང་དང་མཐོ་གསར་ལག་རྩལ། མཉམ་ལས་ཞིབ་འཇུག མཉམ་འབྲེལ་ཐོན་སྐྱེད་སོགས་སྣ་མང་མཉམ་ལས་ཀྱི་རྣམ་པར་བསྒྱུར་བ། མ་འོངས་པར་འཐབ་ཇུས་རང་བཞིན་གྱི་མཉམ་ལས་ལས་གཞི་མང་པོ་བཀོད་དེ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་བསྡུས་རྒྱལ་ཤུགས་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་མཐོར་འདེགས་སུ་གཏོང་རྒྱུ་ཡིན་ཟེར།

  ཕུའུ་ཅིན་གྱིས་ཀྲང་ཀའོ་ལིས་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས། ཁོས་བཤད་རྒྱུར། ཁྱེད་ཀྱིས་མཐོ་རིམ་སྲིད་གཞུང་འཐུས་ཚབ་ཚོགས་པ་ཁྲིད་ནས་ཧྲིན་པུས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ལ་ཞུགས་པར་ཡོང་བར་ང་རང་ཧ་ཅང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ། ཁྱེད་རང་འཚམས་འདྲིར་ཡོང་བ་འདི་ཨུ་རུ་སི་དང་ཀྲུང་གོའི་བར་གྱི་དངོས་གཉེར་མཉམ་ལས་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་པར་ཕན་པ་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག