མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་ཨ་ཧྥུའུ་ཧན་གྱིས་གཙོ་ཁྲིད་བྱས་པའི་ཞི་བའི་གྲོས་མོལ་གང་མགྱོགས་སྒོས་མགོ་རྩོམ་དགོས་པའི་རེ་བ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-21 11:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁཱ་ཨར་ཀྲ་དབྱེ་ཡིས་ཨ་མེ་རི་ཁར་མི་དགའ་བའི་རྣམ་འགྱུར་བསྟན་རྗེས། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་བར་འདུམ་བྱས། ལཱ་སི་མུའུ་སིན་གྱིས་སྤྱི་ཟླ6པའི་ཚེས20ཡི་ཉིན་བྱང་ཆིངས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ཡོད་སའི་པུའུ་ལུའུ་སེར་ནས་བསྟན་དོན། ཁོས་ཨ་ཧྥུའུ་ཧན་གྱིས་གཙོ་ཁྲིད་བྱས་པའི་ཞི་བའི་གྲོས་མོལ་གང་མགྱོགས་སྒོས་མགོ་རྩོམ་པར་རེ་བ་བཅངས་ཡོད་ཟེར།

ལཱ་སི་མུའུ་སིན་གྱིས་ཉིན་དེར་བྱང་ཆིངས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས་པུར་ཀ་རི་ཡཱའི་ཙུཙང་ལི་ཕུའུ་ལཱ་མིན་ཨོ་ལོས་ཧྲ་ཨར་སི་ཅི་དང་གྲོས་མོལ་བྱས། གྲོས་མོལ་མཇུག་སྒྲིལ་རྗེས། ལཱ་སི་མུའུ་སིན་གྱིས་གསར་འགོད་པར་སྣེ་ལེན་བྱེད་སྐབས་ཕྱི་ཕྱོགས་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་ཨ་ཧྥུའུ་ཧན་གྱི་གནད་དོན་གླེང་། ཁོས་བལྟས་ན་ཨ་ཧྥུའུ་ཧན་གྱིས་གཙོ་ཁྲིད་བྱས་པའི་ཞི་བའི་གྲོས་མོལ་དེ་ཨ་ཧྥུའུ་ཧན་གྱི་བདེ་འཇགས་གནས་བབ་བརྟན་འཇགས་ཡོང་བར་ཕན་པ་ཡོད་པར་མ་ཟད། ས་ཁུལ་དེའི་ཡུན་རིང་གི་བདེ་འཇགས་ལ་ཡང་ཕན་པ་ཡོད་པར་འདོད།

ལཱ་སི་མུའུ་སིན་གྱིས་བཤད་རྒྱུར། འཛམ་གླིང་གི་ས་ཆ་གང་ཞིག་ཡིན་ཡང་འགྲིག་མཐུན་ཡོང་རྒྱུ་ནི་ལས་སླ་མོ་ཞིག་མིན་པས། ངས་ཞི་བའི་གྲོས་མོལ་དེ་མྱུར་དུ་མགོ་རྩོམ་ཐུབ་པར་རེ་བ་བཅངས་ཡོད་ཟེར།

ལཱ་སི་མུའུ་སིན་གྱིས་པུར་ཀ་རི་ཡཱའི་ཙུང་ལི་དང་གྲོས་མོལ་བྱས་རྗེས་ཨ་ཧྥུའུ་ཧན་གྱི་གནད་དོན་གླེང་བའི་རྒྱུ་མཚན་གཙོ་བོ་ནི་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁཱ་ཨར་ཀྲ་དབྱེ་ཉེ་སྔོན་ཨ་མེ་རི་ཁའི་བྱེད་ཐབས་རེ་འགར་བསམ་འཆར་ཆེན་པོ་ཡོད་པ་དང་། དེས་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་དམག་དཔུང་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་པའི་འབྲེལ་ཡོད་གྲོས་ཆོད་ལ་གྲོས་མོལ་བྱེད་པར་གནོད་པ་ཐེབས་པས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག