མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕེ་རུ་ནས་སྤྱི་སྤྱོད་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་ཉུང་མཐར་ཡང་མི30རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-20 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕེ་རུའི་དབུས་ཕྱོགས་ཀྱི་ཧུའུ་ཉིན་ཞིང་ཆེན་མངའ་ཁོངས་ཀྱི་ཆན་ཆཱ་མཱ་ཡུག་ས་ཁུལ་ནས་སྤྱི་ཟླ6པའི་ཚེས19ཉིན་སྤྱི་སྤྱོད་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་བའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི30རྐྱེན་ལམ་དུ་ཤོར།

ཕེ་རུའི་ཉེན་རྟོག་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། རྒྱང་བཞུད་རླངས་འཁོར་ཆེ་བ་ཞིག་རྒྱལ་ས་ལེ་མཱ་ནས་ཧུའུ་ཉིན་ཞིང་ཆེན་གྱི་སཱ་ཏིས་པའོ་མཁར་དུ་བགྲོད་པའི་ལམ་བར་དུ། ཞོགས་པའི་དུས་ཚོད6ཡས་མས་སུ་གློ་བུར་དུ་ཁ་ལོ་བྱེད་ཐབས་བྲལ་ནས་གཏིང་ཚད་ལ་སྨིད100ལྷག་ཡོད་པའི་གྲོག་རོང་དུ་ལྷུང་། རླངས་འཁོར་སྟེང་བསྡོམས་པས་འགྲུལ་བ54ཡོད་པ་དང་། མིག་སྔར་ཉེན་རྟོག་དང་མེ་གསོད་དམག་དཔུང་གིས་བེམ་པོ18རྙེད་པ་དང་། རྨས་སྐྱོན་ལྗིད་མོ་ཕོག་པའི་འགྲུལ་བ15བསྐྱབས། དེའི་འཕྲོའི་མི་སྣ་སྔར་བཞིན་རྙེད་མེད་ལ། ཉེན་རྟོག་ཕྱོགས་ཀྱིས་ཚོད་དཔག་བྱས་ན་འདས་པོ30ལས་བརྒལ་སྲིད་ཟེར།

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། རླངས་འཁོར་དེ་གྲོག་རོང་དུ་ལྷུང་རྗེས་ཐར་མཱ་གཙང་བོར་ལྷུང་བ་རེད། རླངས་འཁོར་གྱི་དབྱིབས་འགྱུར་ཡོད་པས་རྒུད་སྐྱོབ་བྱ་བར་དཀའ་ཁག་ཆེན་པོ་བྱུང་། བེམ་པོ་ཁག་ཅིག་གཙང་བོའི་འཁུར་སོང་བ་འདྲ་ཟེར། མིག་སྔར་དོན་རྐྱེན་དེའི་འབྱུང་རྐྱེན་ད་རུང་གསལ་བོར་མི་ཤེས་ལ། རྒུད་སྐྱོབ་བྱ་བ་སྔོན་ལྟར་སྤེལ་བཞིན་ཡོད།

ཕེ་རུ་ནི་འགྲིམ་འགྲུལ་ཆག་སྒོ་མང་བོ་འབྱུང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཆ་སྙོམས་ལོ་རེར་གཞུང་ལམ་གྱི་འགྲིམ་འགྲུལ་དོན་རྐྱེན་ཁྲི8ལྷག་ལ་བསླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་གྲངས5000ལྷག་ལ་བསླེབས་ཡོད་ཅིང་། རྨས་ཕོག་པའི་མི་གྲངས་ཁྲི5ལྷག་ལ་བསླེབས་ཡོད།

ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་བྱས་པ་ལྟར་ན། ལམ་མི་བདེ་བ་དང་རླངས་འཁོར་མི་བཟང་བ། དཔང་ཡིག་མེད་པ་དང་ཆང་འཐུང་རྗེས་རླངས་འཁོར་བསྐོར་བ་སོགས་ནི་འགྲིམ་འགྲུལ་དོན་རྐྱེན་རྒྱུན་དུ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག