ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སོ་མཱ་ལི་རུ་སྡོད་པའི་གཞུང་སྒྲུབ་ཁང་ལ་སྤྱི་ཟླ6པའི་ཚེས19ཉིན་འཇབ་རྒོལ་ཐེབས་ཏེ། མིག་སྔར་མི22རྐྱེན་ལམ་དུ་ཤོར། དོན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་རྒོལ་གཏམ་དྲག་པོ་བཏང་བ་དང་། ཁོས་སོ་མཱ་ལིའི་ཕྱོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་སྐུལ་མ་བཏང་།
དྲུང་ཡིག་ཆེན་མོའི་སོ་མཱ་ལིའི་ལས་དོན་གྱི་དམིགས་བསལ་འཐུས་མི་ཁཱ་དབྱེ་ཡིས་ཚེས19ཉིན་འཇབ་རྒོལ་དོན་རྐྱེན་ཐད་ནས་གསལ་བསྒྲགས་སྤེལ་ཏེ། ཚེས19ཉིན་གྱི་སྔ་དྲོའི་དུས་ཚོད11:30སྟེང་། འགད་རྫས་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཞིག་སོ་མཱ་ལི་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་སྒྲུབ་ཁང་གི་སྒོ་ཁ་ནས་འགས་གཏོར་བཏང་བ་དང་། མེ་མདའ་བཟུང་བའི་དྲག་ཆས་ཉེས་ཅན་འགའ་དེའི་རྗེས་སུ་ར་བསྐོར་ནང་དུ་ཡོང་བར་མ་ཟད་སོ་མཱ་ལིའི་བདེ་འཇགས་དམག་དཔུང་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སོ་མཱ་ལི་རུ་སྡོད་པའི་ཆེད་མངག་ཚོགས་པའི་ཞི་བདེ་སྲུང་སྐྱོབ་མི་སྣ་དང་འཁྲུག་རྩོད་བྱས།
གསལ་བསྒྲགས་ལས་དེ་ནི་མངོན་སུམ་འཛེམ་མེད་ཀྱི་འཇིགས་སྐུལ་རིང་ལུགས་ཀྱི་འཇབ་རྒོལ་དོན་རྐྱེན་ཞིག་ཡིན་པར་བཤད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་སོ་མཱ་ལིའི་དམག་དཔུང་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སོ་མཱ་ལི་རུ་སྡོད་པའི་ཆེད་མངག་ཚོགས་པས་ཉེན་ཁའི་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་བཅུ་ཕྲག་འགའ་ལ་སྲུང་སྐྱོབ་བྱས་པར་བཀའ་དྲིན་ཞུས།
བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེའི་ཁྲོད་མི22རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་དྲག་ཆས་ཉེས་ཅན7ཡོད། བསྒྲགས་པའི་གནས་ཚུལ་ལྟར་ན་འཇབ་རྒོལ་བྱེད་མཁན་གྱི་དྲག་ཆས་ཉེས་ཅན་དེ་དག་རྟེན་གཞི་རྩ་འཛུགས་ལ་འབྲེལ་བ་ཡོད་པར་བཤད། སོ་མཱ་ལི་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་དམག་དཔུང་གིས་མིག་སྔར་གནས་བབ་ལ་ཚོད་འཛིན་བྱས་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣའི་ཤི་རྨས་གནས་ཚུལ་བསྡོམས་རྩིས་བྱེད་བཞིན་པའི་སྒང་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ2རྐྱེན་ལམ་དུ་ཤོར་བ་དང་བདེན་དཔང་བྱས། དེ་གཉིས་ནི་སོ་སོར་སོ་མཱ་ལི་དང་ཁུན་ནེ་ཡཱའི་མི་རེད། གཞན་ཡང་མི་རེ་འགར་རྨས་ཕོག་ཟེར། སོ་མཱ་ལིའི་ནང་སྲིད་བློན་ཆེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ8རྐྱེན་ལམ་དུ་ཤོར་ཟེར།
ཀྲུང་གོར་འཚམས་འདྲི་བྱེད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་དུས་ཐོག་ཏུ་སོ་མཱ་ལིའི་ཙུང་ཐུང་མཱ་ཧཱ་མའོ་ཏི་ལ་ཁ་པར་བཏང་སྟེ། འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་མཁན་དག་ལ་མྱ་ངན་ཞུས་པར་མ་ཟད་ཁྱིམ་མི་དག་ལ་འཚམས་འདྲི་བྱས། ཕན་ཅི་ཝུན་གྱིས་བཤད་རྒྱུར། ཁོས་ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ལ་དམིགས་པའི་ཐ་ཤལ་གྱི་འཇབ་རྒོལ་དོན་རྐྱེན་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར། །