ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས17ཉིན། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཙུ་མས་རེ་ནེ་ཝར། རྒྱལ་སྤྱིའི་མཉམ་ལས་རོགས་པས་ཨ་ཧྥེ་རི་ཁ་གླིང་གི་སྐམ་ས་ཆེན་མོར་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ། ཨ་ཧྥེ་རི་ཁ་གླིང་ལ་ལས་ཞུགས་གོ་སྐབས་དེ་བས་མང་བ་སྐྲུན་རྒྱུའི་རེ་འབོད་གནང་ཡོད་པ་དང་། ཙུ་མས་མ་གཞི་འཛམ་གླིང་ཧྲིལ་པོའི་དངུལ་རྩའི་ཉམས་ཉེན་རྒྱུན་མཐུད་ཐོན་སྟེ། ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོར་ཡང་ཉམས་ཉེན་རྒྱུན་ཆད་མེད་པ་ཐོན་བཞིན་ཡོད་ཀྱང་། ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་སྔར་བཞིན་བརྟན་པོས་འཕར་སྣོན་འགྲོ་བཞིན་ཡོད་པ་དང་། ད་ལོའི་དཔལ་འབྱོར་འཕར་སྣོན་མྱུར་ཚད4.8%ཟིན་ཡོད་པ་དང་། དུས་སང5.3%ཟིན་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།
ཙུ་མས་རྒྱལ་སྤྱིའི་མཉམ་ལས་རོགས་པས་ཞིང་ལས་དང་། རྨང་གཞིའི་སྒྲིག་གཞི། ཁེ་ལས་འབྲིང་ཆུང་། མཚོ་ཐོག་སྐྱེལ་འདྲེན། ནུས་པའི་འབྱུང་ཁུངས། ཆ་འཕྲིན་འཕྲིན་གཏོང་ལག་རྩལ། ཡུལ་སྐོར་ལས་རིགས་བཅས་ཀྱི་ཐད་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་སྐུལ་ལྕག་བཏང་བ་དང་། དེ་དང་ཆབས་ཅིག་ཁོང་གིས། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱིས་མུ་མཐུད་འབྲུ་རིགས་ཐོན་སྐྱེད་དང་། འཕྲོད་བསྟེན་དང་བདེ་ཐང་། དེ་བཞིན་སློབ་གསོའི་ཁྱབ་ཁོངས་ཀྱི་མ་དངུལ་གཏོང་ཤུགས་བཅས་ཆེ་རུ་བཏང་སྟེ། ཨ་ཧྥེ་རི་ཁ་གླིང་སྐམ་ཆ་ཆེན་མོར་ཚད་ལྡན་གྱི་ངལ་རྩོལ་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པའི་ནན་བཤད་གནང་ཡོད་པ་རེད། །