མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པཱ་ཀ་ཏཱའི་དབྱི་སི་ལན་ཆོས་ཁང་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི29རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-19 11:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་སྨན་བཅོས་དང་བྲེལ་མྱུར་སྡེ་ཁག་གིས་སྤྱི་ཟླ6པའི་ཚེས18ཉིན་བཤད་རྒྱུར། རྒྱལ་ས་པཱ་ཀ་ཏཱའི་དབྱི་སི་ལན་ཆོས་ཁང་ཞིག་ལ་ཉིན་དེར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་ཐེབས་ཏེ། མིག་སྔར་ཉུང་མཐར་ཡང་མི29རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི20ལྷག་ལ་རྨས་ཕོག་ཟེར།

དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་དེ་ཁཱ་དབྱེ་ལཱ་ས་ཁུལ་གྱི་ཧྲི་ཡེ་ཕྱོགས་ཁག་གི་དབྱི་སི་ལན་ཆོས་ཁང་ཞིག་ཏུ་བྱུང་བ་དང་། བསྡོམས་པས་རང་སྲོག་གཅོད་པའི་འཇབ་རྒོལ་མཁན་གཉིས་ཀྱིས་འཇབ་རྒོལ་དོན་རྐྱེན་བཟོས། དེའི་ནང་མི་གཅིག་གིས་དབྱི་སི་ལན་གྱི་ཆོས་ཁང་དེ་དང་བར་ཐག་སྨིད100ཡོད་པའི་ཞིབ་བཤེར་ས་ཚིགས་ཤིག་ཏུ་འགས་གཏོར་བཏང་བ་དང་། སྐར་མ་འགའི་རྗེས་སུ་མི་གཞན་ཞིག་གིས་དབྱི་སི་ལན་ཆོས་ཁང་ནང་དུ་འགས་གཏོར་བཏང་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་འབྱུང་སྐབས་ཕྱག་འཚལ་བའི་མཛད་སྒོ་མཇུག་སྒྲིལ་མ་ཐག་ཡིན་པས། མང་ཚོགས་མང་བོ་དབྱི་སི་ལན་ཆོས་ཁང་དེའི་ནང་དུ་ཡོད་ཟེར།

གཞན་ཡང་དབྱི་རག་ནང་སྲིད་པུའུ་དང་དངོས་སུ་མཐོང་མཁན་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། འགས་གཏོར་དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི31རྐྱེན་ལམ་དུ་ཤོར་བ་དང་། མི57ལ་རྨས་ཕོག་ཟེར། ཉེན་རྟོག་པས་བསྟན་དོན། དོན་རྐྱེན་དེ་དབྱི་སི་ལན་ཆོས་ཁང་གི་ཉེ་འདབས་སུ་སྒེར་ཚུགས་ཀྱི་སློབ་གྲྭ་ཞིག་ཡོད་པས་ཤི་བོ་མང་ཤོས་སློབ་མ་ཡིན་སྲིད་ཟེར། མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་གོང་གི་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག