མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁཱ་པོར་ནས་བྱུང་བའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-14 10:21

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས13ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཚེས11ཉིན་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཉེ་འདབས་སུ་བྱུང་བའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཐཱ་ལེ་པན་གྱིས་བཟོས་པའི་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་དེ་ལས་མི་སེར་དཀྱུས་མ་མང་བོར་ཤི་རྨས་བཟོས་པས། ཕན་ཅི་བུན་གྱིས་དོན་དེར་རྒོལ་གཏམ་བཏང་ནས་གནོད་ཐེབས་མཁན་གྱི་ཁྱིམ་མི་ལ་འཚམས་འདྲི་བྱེད་བཞིན་ཡོད་ཟེར། ཕན་ཅི་བུན་གྱིས་མི་སེར་དཀྱུས་མར་དམིགས་པའི་བྱ་སྤྱོད་གང་ཡིན་ཡང་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པར་མ་ཟད། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལ་རྩ་བ་ནས་འགལ་ཡོད་པ་བསྐྱར་སྒྲོག་བྱས། ཁོས་འཇབ་རྒོལ་དོན་རྐྱེན་བཟོ་མཁན་དག་གིས་མྱུར་དུ་ཨ་ཧྥུའུ་ཧན་མི་དམངས་ལ་དཀའ་སྡུག་སྔར་ལས་ཆེན་པོ་བཟོ་སྲིད་པའི་རིགས་དེ་མཚུངས་ཀྱི་འཇབ་རྒོལ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཨ་ཧྥུའུ་ཧན་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། རྒྱལ་ས་ཁཱ་པོར་གྲོང་ཁྱེར་ལྟེ་གནས་སུ་ཉིན་དེའི་ཕྱི་དྲོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་ཅུ་ལ་རྨས་ཕོག་ཟེར། ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་དང་དམིགས་ཡུལ་ནི་ཨ་ཧྥུའུ་ཧན་གྱི་ཆེས་མཐོའི་ཁྲིམས་ཁང་ཡིན་པ་ཁྱབ་སྒྲོག་བྱས། དེ་ནི་ཁཱ་པོར་གྲོང་ཁྱེར་ནས་ཉིན་གཉིས་ཀྱི་ནང་བྱུང་བའི་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་པ་རེད། ཚེས་བཅུ་ཉིན་གྱི་ཞོགས་པར། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་རྒྱལ་ས་ཁཱ་པོར་གནམ་གྲུ་ཐང་དུ་འཇབ་རྒོལ་བྱས་ཏེ། མི7རྐྱེན་ལམ་དུ་ཤོར་བ་དང་། མི2རྨས་ཕོག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག