མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་འབྲེལ་གྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-14 10:21

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལས་ཁུངས་ཀྱིས་ཚེས13ཉིན་ཧཱ་སག་སི་ཐན་ལྷོ་ཕྱོགས་ས་ཁུལ་དུ་མཉམ་འབྲེལ་གྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་དང་། གཙོ་བོ་མི་སྣ་མང་བོ་འདུས་སར་འཇིགས་སྐུལ་ཉེས་ཅན་རྩ་མེད་དུ་གཏོང་བ་དང་། འཇིགས་སྐུལ་བྱ་འགུལ་ལ་བཀག་འགོག་བྱེད་པ། མི་གཏའ་སྐྱོབ་པ་སོགས་ནང་དོན་སྦྱོང་བརྡར་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན། དམག་དོན་སྦྱོང་བརྡར་དེ་ནི་ཧཱ་སག་སི་ཐན་ཀྲིག་ལྷོ་མའི་ལྟེ་གནས་གྲོང་ཁྱེར་ཆི་མུའུ་ཁུན་ཐིའི་ཉེ་འདབས་ཀྱི་ཨ་ཁི་ཐཱ་སི་མདའ་འཕེན་ར་བ་ནས་སྤེལ། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ས་ཁུལ་འཇིགས་སྐུལ་ངོ་རྒོལ་ལས་ཁུངས་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་ཆོད་དོན་གཞིར་བཟུང་སྟེ་སྤེལ་བ་ཡིན། དམག་དོན་སྦྱོང་བརྡར་སྐབས་འཇིགས་སྐུལ་ཉེས་ཅན་བསྡད་པའི་གྱེན་འཕུར་གནམ་གྲུ་དང་རླངས་འཁོར་སོགས་ཧཱ་སག་སི་ཐན་མངའ་ཁོངས་སུ་ཡོང་བ་དང་། ཧཱ་སག་སི་ཐན་གྱི་མཐའ་མཚམས་ས་ཁུལ་གྱི་གྲོང་སྡེ་ཞིག་ནས་མི་གཏའ་བཙན་ཁྲིད་བྱས་ཏེ་འཇིགས་སྐུལ་བྱ་འགུལ་སྤེལ་རྩིས་ཤིང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་འཇིགས་སྐུལ་ངོ་རྒོལ་ལས་ཁུངས་ཀྱིས་བར་སྣང་དང་ས་ངོས་ནས་འགུལ་སྐྱོད་སྤེལ་ཏེ་འཇིགས་སྐུལ་ཚོགས་ཁག་རྨེག་མེད་དུ་བཅོམ་ནས་མི་གཏའ་སྐྱོབ་པར་ལད་མོ་བྱས།

ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ས་ཁུལ་འཇིགས་སྐུལ་ངོ་རྒོལ་ལས་ཁུངས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཞིན་ཧྥུན་གྱིས་དམག་དོན་སྦྱོང་བརྡར་མཇུག་སྒྲིལ་རྗེས་བསྟན་དོན། ཐེངས་འདིའི་དམག་དོན་སྦྱོང་བརྡར་དམིགས་ཡུལ་དུ་བསླེབས་པ་དང་། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་བདེ་འཇགས་མི་སྣར་བྱང་ཆ་ལྡན་པ་དང་། འཇིགས་སྐུལ་འཇབ་རྒོལ་ཐག་གཅོད་པའི་དགོས་ངེས་ཀྱི་ཆུ་ཚད་མངོན་པར་བྱས་ཡོད་ཟེར། ཁོས་བཤད་རྒྱུར། རིགས་དེ་མཚུངས་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བར་དགོས་གལ་ཆེ་བ་དང་། དེ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད་ཀྱི་མཐུན་སྦྱོར་རང་བཞིན་ཇེ་མཐོར་གཏོང་བ་དང་། རྒྱལ་ཁབ་སོ་སོའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བར་ཕན་པ་ཡོད་ཟེར།

ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཧཱ་སག་སི་ཐན་གྱིས་གཙོ་བསྒྲུབ་བྱས་པ་དང་། ཅིར་ཅི་སི་སི་ཐན་དང་ཐཱ་ཅི་ཁི་སི་ཐན་གྱིས་རོགས་བསྒྲུབ་བྱས། ཀྲུང་གོ་དང་ཨུ་རུ་སི། བུའུ་ཙི་པེ་ཁི་སི་ཐན་སོགས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གསུམ་དང་། རྒྱ་གར། དབྱི་ལིང་། ཕཱ་ཁི་སི་ཐན། ཨ་མེ་རི་ཁ། དབྱི་ཐཱ་ལེ་སོགས་རྒྱལ་ཁབ་ཀྱི་འཐུས་མིས་དམག་དོན་སྦྱོང་བརྡར་ལ་ལྟ་སྦྱོང་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག