མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་དྲག་ཆས་འཁྲུག་རྩོད་ཁྲོད་བྱིས་པར་གནོད་པའི་བྱ་སྤྱོད་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-13 11:35

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཚེས12ཉིན་ཉིག་ཡོ་གྲོང་ཁྱེར་ནས་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། དྲག་ཆས་འཁྲུག་རྩོད་ཁྲོད་བྱིས་པར་གནོད་པའི་བྱ་སྤྱོད་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

སྤྱི་སྒྲོག་ལས་བཤད་རྒྱུར། འཁྲུག་རྩོད་ཁྲོད་ལོ་ཆུང་བྱིས་པའི་དམག་བཀོལ་བ་དང་བྱིས་པར་མནར་གཅོད་དང་དམར་གསོད་གཏོང་བ། དུས་རྒྱུན་འབྱུང་བཞིན་པའི་སྨན་ཁང་དང་སློབ་གྲྭར་འཇབ་རྒོལ་བྱེད་པ་སོགས་ཀྱི་གནད་དོན་མང་བོའི་དབང་གིས་དྲག་ཆས་འཁྲུག་རྩོད་བྱུང་སའི་བྱིས་པར་སྔ་ན་མེད་པའི་འཇིགས་ཉེན་ལ་འཕྲད་ཡོད་པས། ངེས་པར་དུ་བྱིས་པར་གནོད་པའི་བྱ་སྤྱོད་དེ་རིགས་ལ་མྱུར་དུ་བཀག་འགོག་བྱེད་དགོས་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། དམག་དོན་དམིགས་ཡུལ་ཡིན་པའི་སློབ་གྲྭའི་འཇབ་རྒོལ་བྱ་སྤྱོད་ནི་དེ་བས་ཀྱང་དང་ལེན་བྱེད་ཐབས་མེད་པ་ཞིག་རེད། འཁྲུག་རྩོད་ཁྲོད་བྱིས་པ་དང་ཁྱིམ་བདག ཁྱིམ་ཚང་བཅས་ཀྱིས་སློབ་གྲྭ་ནི་བྱིས་པར་སློབ་སྦྱོང་དང་ཤེས་བྱ། འཕེལ་རྒྱས་སྦས་ཤུགས་བཅས་འདོན་སྤྲོད་བྱེད་ཐུབ་པའི་བདེ་འཇགས་ཀྱི་གནས་སུ་རློམ་དགོས་ཀྱང་། འཁྲུག་རྩོད་བྱུང་བའི་རྒྱལ་ཁབ་རེ་འགར་སློབ་གྲྭ་དང་སློབ་གསོའི་ལས་ཁུངས་ནི་དམག་སྒར་དང་མཚོན་ཆའི་མཛོད་ཁང་། བཀོད་འདོམ་ལྟེ་གནས་བཅས་སུ་བྱས་ཏེ་འཇབ་རྒོལ་བྱ་ཡུལ་དུ་གྱུར་ཡོད། བྱ་སྤྱོད་དེ་དག་གིས་བྱིས་པའི་ཚེ་སྲོག་ལ་འཇིགས་ཉེན་བཟོ་བཞིན་ཡོད་པ་དང་། ཁོ་ཚོས་སློབ་གསོ་མྱོང་བའི་ཁེ་དབང་ལ་བཀག་རྒྱ་ཐེབས་ཡོད་པར་མ་ཟད། སློབ་གྲྭར་ཞུགས་ཚད་དམའ་བ་དང་སློབ་གྲྭ་ནས་ཕྱིར་འབུད་ཚད་མཐོ་བའི་སྣང་ཚུལ་བྱུང་ཡོད། དེ་བས་བྱིས་པའི་ཐེབས་རྩ་ཚོགས་པས་དྲག་ཆས་འཁྲུག་རྩོད་བྱེད་པའི་ཕྱོགས་སོ་སོས་གང་ནུས་ཀྱིས་བྱིས་པའི་བདེ་འཇགས་ལ་འགན་སྲུང་བྱས་ཏེ་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཟླ་སྔོན་མར་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བྱིས་པ་དང་དྲག་ཆས་འཁྲུག་རྩོད་གནད་དོན་སྐོར་གྱི་ལོ་ཧྲིལ་བོའི་སྙན་ཞུ་སྤྲད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་བྱིས་པ་དང་དྲག་ཆས་འཁྲུག་རྩོད་ཀྱི་དམིགས་བསལ་འཐུས་མི་ཙེ་ལུའུ་ཅུའུ་དབྱེ་ཡིས་ཉིན་དེར་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་སྤྱི་ཁྱབ་པུའུ་ནས་ཉིན་རེའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གསར་འགྱུར་ལས་རིགས་ལ་ཁྱབ་སྒྲོག་བྱས། ཁོ་མོས་བཤད་རྒྱུར། སྙན་ཞུ་དེར་ཉིས་སྟོང་བཅུ་གཉིས་ལོའི་ཟླ་དང་པོ་ནས་ཟླ་བཅུ་གཉིས་བར་གྱི་རྒྱལ་ཁབ་ཉེར་གཉིས་ཀྱི་བྱིས་པའི་ཁེ་དབང་ལ་གནོད་པ་ཐེབས་པའི་གནས་ཚུལ་འདུས་ཡོད་པ་དང་། དེའི་ནང་མཱ་ལི་རྒྱལ་ཁབ་ཐོག་མར་གླེང་བ་དང་། ལོ་སྔོན་མའི་སྙན་ཞུའི་ཁྲོད་གླེང་བའི་ནེ་པཱ་ལཱ་དང་སིང་ག་ཕོར་རྒྱལ་ཁབ་གཉིས་གླེང་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག