མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་བཀག་སྡོམ་ལྷོད་ཡངས་སུ་གཏོང་རྒྱུ་ཁྱབ་སྒྲོག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-13 11:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས12ཉིན་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་བཀག་སྡོམ་ལྷོད་ཡངས་སུ་བཏང་སྟེ། ངོ་རྒོལ་ཕྱོགས་ཁག་གིས་ཚོད་འཛིན་བྱེད་པའི་ས་ཁུལ་དུ་སྔར་ལས་མང་བའི་རོགས་སྐྱོར་དང་བསྐྱར་འཛུགས་རྒུད་སྐྱོབ་འདོན་སྤྲོད་བྱེད་པར་སྟབས་བདེ་བཟོ་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། རྒྱལ་སྲིད་བློན་ཆེན་ཁི་ལི་ཡིས་བཀོད་པའི་ཚད་ཡོད་པའི་སྲོག་ཐར་ལ་གཏོང་བའི་བཀའ་རྒྱ་ལྟར་ན། ཨ་མེ་རི་ཁ་ནས་ཐོན་སྐྱེད་བྱས་པའི་ཚོང་རྫས་དང་མཉེན་ཆས། ལག་རྩལ་རེ་འགའ་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་ཚོད་འཛིན་བྱེད་པའི་ས་ཁུལ་དུ་ཕྱིར་གཏོང་བྱེད་རྒྱུ་ཡིན་པ་དང་། དེའི་ནང་ཆུའི་མཁོ་འདོན་དང་འཕྲོད་བསྟེན་མ་ལག ཞིང་ལས་ཐོན་རྫས། ཟས་རིགས་ལས་སྣོན། གློག་འདོན། རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་ཐོན་སྐྱེད། འཛུགས་སྐྲུན་དང་བཟོ་སྐྲུན། སྐྱེལ་འདྲེན། སློབ་གསོའི་སྒྲིག་ཆས་སོགས་ལ་འབྲེལ་ཡོད།

ཨ་མེ་རི་ཁས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་ཚོད་འཛིན་བྱེད་པའི་ས་ཁུལ་དུ་ཟས་རིགས་དང་སྨན་རྫས། སྨན་བཅོས་སྒྲིག་ཆས་སོགས་ཕྱིར་གཏོང་བྱེད་པར་ཆོག་མཆན་བཀོད།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་དམིགས་བསལ་ཆོག་མཆན་ཡི་གེ་རེ་ཞུ་བྱས་ཏེ། སི་རི་ཡཱའི་མངའ་ཁོངས་ཀྱི་དཔལ་འབྱོར་བྱ་འགུལ་རེ་འགའ་དང་། ཁྱད་པར་དུ་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་དང་གསར་བརྗེའི་སྟོབས་ཤུགས་རྒྱལ་ཡོངས་མནའ་འབྲེལ་དང་དེའི་རྒྱབ་སྐྱོར་མཁན་ལ་ཕན་པའི་རྡོ་སྣུམ་ཉོ་ཚོང་དང་། སི་རི་ཡཱའི་ཞིང་ལས་དང་གློག་འཕྲིན་ལས་རིགས་ཀྱི་ཉོ་ཚོང་ལ་ཞུགས་ཆོག་པར་གཏན་འཁེལ་བྱས། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ད་རུང་འབྲེལ་ཡོད་གཏན་འཁེལ་བཟོ་བཅོས་བྱས་ཏེ་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་ཚོད་འཛིན་ས་ཁུལ་དུ་ཞབས་ཞུ་ཕྱིར་གཏོང་དང་མ་དངུལ་བརྒྱུད་སྤྲོད་བྱས་ཏེ། སི་རི་ཡཱའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པར་དམིགས་པའི་ཁེ་སྤོགས་མ་ཡིན་པའི་བྱ་འགུལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་བར་ཆོག་མཆན་བཀོད།

མིག་སྔར་ཨ་མེ་རི་ཁའི་སྲིད་གཞུང་གིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་འདོན་སྤྲོད་བྱེད་པའི་གནད་དོན་ལ་ཞིབ་འཇུག་བྱེད་བཞིན་ཡོད། ཁི་ལི་ཡིས་ཚེས་བཅུ་གཉིས་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་འཚམས་འདྲིར་ཡོང་བའི་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧེ་ཀི་དང་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་རང་ནུས་གང་ཡོད་བཏོན་ནས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་རོགས་སྐྱོར་བྱེད་རྒྱུ་ཐག་བཅད་ཡོད་ཟེར། ཧེ་ཀི་ཡིས་བསྟན་དོན། དབྱིན་ཇི་རྒྱལ་ཁབ་ཀྱིས་བལྟས་ན་དེང་སྐབས་ཀྱི་སི་རི་ཡཱའི་གནས་བབ་དེ་ཨ་མེ་རི་ཁ་དང་དབྱིན་ཇི། དེ་མིན་ཡོ་རོབ་གླིང་དང་ཀྲུང་ཏུང་མནའ་མཐུན་གྲོགས་པོ་དག་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཞི་འཇགས་སུ་གཏོང་དགོས་པར་འདོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག