མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་གྱི་གསར་འགྱུར་ཚན་པས་ཀྲུང་གོ་དང་ཨ་རིའི་འགོ་ཁྲིད་པའི་ཐུགས་འཕྲད་ལ་ཚད་མཐོའི་དོ་ཁུར་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-11 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་གསར་འགྱུར་ཚན་པས་ཀྲུང་གོ་དང་ཨ་རིའི་འགོ་ཁྲིད་པའི་ཐུགས་འཕྲད་ཐེངས་དང་པོར་དོ་ཁུར་ཆེན་པོ་བྱས་ཡོད་པ་དང་གསར་འགྱུར་ཚན་པ་ཆེ་གྲས་ཁག་ཚང་མས་གནས་ཚུལ་ཞིབ་ཕྲ་སྤེལ་ནས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་པོའི་མཉམ་ལས་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་བསམ་འདུན་མངོན་བསལ་དོད་པོས་མངོན་པ་བྱས་ཡོད་པ་རེད།

འཇར་མན་གྱི་གསར་འགྱུར་བརྙན་འཕྲིན་ལས་ཁུངས་ཀྱི་དྲ་ཚིགས་ཐོག་འགོ་བརྗོད་དུ་ཞིས་ཅིང་ཕིང་དང་ཨའོ་པ་མས་དཔུང་པ་མཉམ་གཤིབ་ཀྱི་མཉམ་ལས་འཚོལ་རེ་གནང་བ་ཞེས་འཁོད་པའི་གནས་ཚུལ་སྤེལ་བའི་ནང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་སྤྱི་ཚེས7ཉིན་ནས་ཚེས8ཉིན་བར་ཐུགས་འཕྲད་གནང་ཡོད། གོམས་སྲོལ་ལྟར་ན། ཀྲུང་གོ་དང་ཨ་རིའི་འགོ་ཁྲིད་པས་ད་ལོའི་སྤྱི་ཟླ9པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་འགོ་གཙོའི་གྲོས་ཚོགས་ཐོག་གཞི་ནས་ཐུགས་འཕྲད་གནང་རྒྱུའི་འཆར་གཞི་ཡོད་པ་རེད། འོན་ཀྱང་དེའི་གོང་དུ་ཕྱོགས་གཉིས་པོས་གོ་སྐབས་སྐྲུན་ནས་ཕྱོགས་གཉིས་པོའི་འགོ་ཁྲིད་པའི་བར་སྒེར་གྱི་འབྲེལ་བ་འཛུགས་རྒྱུ་དང་ཕན་ཚུན་བར་ཡིད་ཆེས་འཛུགས་འདོད་ཡོད་པའི་རྣམ་པ་བསྟན་ཡོད་ཅེས་འཁོད་ཡོད་པ་རེད། རྩོམ་ཡིག་ནང་ཨའོ་པ་མའི་བཀའ་མོལ་ལུང་དྲངས་ནས་ཨ་རི་དང་ཀྲུང་གོ་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་དགེ་མཚན་རང་བཞིན་ལྡན་པ་དང་སྦ་གསང་མེད་པའི་གྲོས་མོལ་དང་འབྲེལ་གཏུག་བྱེད་རྒྱུ་དེ་སླད་ཕྱིན་ལོ་ཟླའི་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཧ་ཅང་གལ་ཆེན་པོ་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་ཡོད། ཨའོ་པ་མས། ཨ་རིས་ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་གི་སྟོབས་ཆེའི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས་མུ་མཐུད་ཞི་བདེའི་སྒོ་ནས་དར་རྒྱས་ཡོང་རྒྱུར་དགའ་བསུ་ཞུ་གི་ཡོད་ཅེས་ནན་སྟོན་གནང་བ་འཁོད་པ་རེད།

འཇར་མན་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་བའི་ནང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་བརྟན་ལྷིང་གི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་ཞིག་མཐོང་འདོད་ཡོད་པ་དང་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་དཔལ་འབྱོར་དང་ཉོ་ཚོང་། དེ་བཞིན་འཛམ་གླིང་ཡོངས་ཀྱི་བྱ་དོན་ཐད་ཕན་ཚུན་རྟེན་རེས་བྱེད་དགོས་པ་ལས་རྒྱལ་ཁབ་གཉིས་པོས་ཁེར་རྐྱང་ཐོག་ནས་འགྲན་རྩོད་ལ་ཁ་གཏད་གཅོག་རྒྱུ་མེད་པའི་ངོས་འཛིན་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག