མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་ཀུའུ་སེར་གྱི་མི་ཆོས་རིང་ལུགས་ཀྱི་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-08 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྤྱི་ཟླ6པའི་ཚེས7ཉིན་གསལ་སྒྲོག་སྤེལ་ཏེ། ཉེ་སྔོན་སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་ཞིང་ཆེན་གྱི་ཀུའུ་སེར་གྲོང་རྡལ་ནས་འཁྲུག་རྩོད་དྲག་པོ་བྱུང་བ་ལས་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་བྱུང་བར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་རོགས་སྐྱོར་གྱི་འབྲེལ་ཡོད་རྩ་དོན་གཞིར་བཟུང་སྟེ། མྱུར་དུ་མི་ཆོས་རིང་ལུགས་ཀྱི་མི་སྣ་དང་དངོས་རྫས་དག་བཀག་རྒྱ་ཅི་ཡང་མི་ཐེབས་པར་བདེ་འཇགས་ངང་ཀུའུ་སེར་གྲོང་རྡལ་དུ་བསྐྱལ་བར་ཆོག་མཆན་བཀོད་དེ། ས་དེར་མཁོ་གལ་ཆེ་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་ཁྱད་པར་དུ་སྨན་བཅོས་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་འབྲེལ་ཡོད་ཕྱོགས་སོ་སོས་གང་ནུས་ཀྱིས་མི་སེར་དཀྱུས་མར་ཤི་རྨས་མི་ཐེབས་པར་སྲུང་སྐྱོབ་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད། སི་རི་ཡཱའི་སྲིད་གཞུང་གིས་དེའི་ཐད་འགན་འཁྲི་གཙོ་བོ་ཁུར་ཡོད་པ་བསྐྱར་སྒྲོག་བྱས།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ནན་གྱིས་བསྟན་དོན། འབྲེལ་ཡོད་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་དྲག་ཤུགས་ལག་བསྟར་བྱེད་མཁན་གྱི་འགན་འཁྲི་བརྩད་གཅོད་བྱེད་དགོས་ཟེར།

སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་ན་ནིང་ཀུའུ་སེར་གྲོང་རྡལ་བཙན་བཟུང་བྱས་པ་དང་། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ད་ལོའི་ཟླ་བཞི་བ་ནས་བཟུང་དམག་ཤུགས་མང་བོ་བཏང་སྟེ་ཀུའུ་སེར་གྲོང་རྡལ་ལ་དཔུང་འཇུག་བྱས། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་དམག་སྤྱི་ཁང་གིས་ཟླ་དྲུག་པའི་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། སྲིད་གཞུང་དམག་དཔུང་གིས་ཀུའུ་སེར་གྲོང་རྡལ་དང་ཉེ་འཁོར་གྱི་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་དང་། ཚེས་ལྔ་ཉིན་ཀུའུ་སེར་གྲོང་རྡལ་བདག་ཏུ་བཟུང་ཐུབ་པ་བྱུང་ཡོད་ཟེར།

ཀུའུ་སེར་གྲོང་རྡལ་ནི་སི་རི་ཡཱ་དང་ལེ་པཱ་ནུན་གྱི་མཐའ་མཚམས་ས་ཁུལ་དང་བར་ཐག་ཉེ་བས། དབུས་ཕྱོགས་ཀྱི་གྲོང་ཁྱེར་གཙོ་བོ་ཧའོ་མུའུ་སི་དང་ཏཱ་མཱ་ཧྲི་ཀིའི་བར་གྱི་མྱུར་བགྲོད་གཞུང་ལམ་དང་འདྲ་བར་སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་དབུས་ཕྱོགས་ས་ཁུལ་ནས་འཕྲོག་རྩོད་བྱེད་པའི་འཐབ་ཇུས་ས་གནས་གལ་ཆེན་ཞིག་ཏུ་བསམ་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག