མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡཱའི་རོགས་སྐྱོར་ཇུས་གཞི་གསར་བ་ཁྱབ་སྒྲོག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-08 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་སྤྱི་ཟླ6པའི་ཚེས7ཉིན་རི་ནེ་ཝ་ནས་མཉམ་འབྲེལ་གྱིས་སི་རི་ཡཱའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཇུས་གཞི་དང་སི་རི་ཡཱའི་ཡུལ་གྱར་བའི་རོགས་སྐྱོར་ཇུས་གཞི་གསར་བ་ཁྱབ་སྒྲོག་བྱས་པ་དང་། ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ4དང་དུང་ཕྱུར4བསྡུས་ཏེ་སི་རི་ཡཱའི་རྒྱལ་ནང་གི་འཁྲུག་རྩོད་ཀྱི་གནོད་པ་ཐེབས་པའི་མང་ཚོགས་དང་ཉེ་འཁོར་རྒྱལ་ཁབ་གཞན་དུ་བྲོས་བྱོལ་བྱས་པའི་སི་རི་ཡཱའི་ཡུལ་གྱར་བར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུའི་འཆར་གཞི་ཡོད།

མཚམས་སྦྱོར་བྱས་པ་ལྟར་ན། ཇུས་གཞི་དེ་གཉིས་ཀྱིས་ཉིས་སྟོང་བཅུ་གསུམ་ལོར་ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ4དང་དུང་ཕྱུར4བསྡུ་བའི་འཆར་གཞི་ཡོད་པ་དང་། དེའི་ནང་ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ1དང་དུང་ཕྱུར4སི་རི་ཡཱའི་རྒྱལ་ནང་གི་འཁྲུག་རྩོད་ཀྱི་གནོད་པ་ཐེཐབས་པའི་མང་ཚོགས་ས་ཡ6.8ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་ཡིན་པ་དང་། གཞན་ཡང་ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ3ཙམ་ལེ་པཱ་ནུན་དང་ཅོར་ཏན། ཐུར་ཁེ། དབྱི་རག ཨེ་ཅིབ་བཅས་སུ་བྲོས་བྱོལ་བྱས་པའི་ཡུལ་གྱར་བ་ས་ཡ3.5ལྷག་ལ་སྲུང་སྐྱོབ་དང་རོགས་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ། བྲེལ་མྱུར་རོགས་སྐྱོར་མཐུན་སྦྱོར་པ་ཨ་མའོ་སི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དེ་ནི་མིག་སྔར་སི་རི་ཡཱའི་ཉམས་ཉེན་ལ་དམིགས་ཏེ་བཏོན་པའི་གཞི་རྒྱ་ཆེས་ཆེ་བའི་རོགས་སྐྱོར་འཆར་གཞི་ཞིག་ཡིན། མིག་སྔར་ཇུས་གཞི་དེ་གཉིས་ལས་ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ1དང་དུང་ཕྱུར2ཙམ་ལས་བསྡུ་ཐུབ་མེད་ལ། ད་རུང་ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ3དང་དུང་ཕྱུར1ཙམ་མཁོ་ཟེར། ཨ་མའོ་སི་ཡིས་ནན་གྱིས་བསྟན་དོན། ད་ལོའི་སྤྱི་ཟླ1པོ་ནས་སྤྱི་ཟླ4བའི་བར། སི་རི་ཡཱའི་རྒྱལ་ནང་དུ་ཁྱིམ་གཞིས་དང་བྲལ་བའི་མི་གྲངས་ལྡབ་གཅིག་གིས་ཇེ་མང་དུ་སོང་བ་དང་། མིག་སྔར་སི་རི་ཡཱའི་སུམ་ཆའི་གཅིག་གི་མི་ལ་རོགས་སྐྱོར་མཁོ་གལ་ཆེ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག