ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་སྤྱི་ཟླ6པའི་ཚེས6ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཨོ་སི་ཁྲུ་རི་ཡཱ་རྒྱལ་ཁབ་ཀྱིས་ཉིན་དེར་ཀི་ལན་མཐོ་སྒང་དུ་བཅའ་སྡོད་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ཁྲོད་ཀྱི་ཨོ་སི་ཁྲུ་རི་ཡཱའི་དམག་མི་ཕྱིར་འཐེན་བྱེད་རྒྱུ་ཐག་བཅད་པར་ཡིད་འཕང་བའི་ཚུལ་བསྟན།
གསལ་སྒྲོག་ནང་བཤད་རྒྱུར། ཕན་ཅི་བུན་གྱིས་ཕྱོགས་སོ་སོས་ཨོ་སི་ཁྲུ་རི་ཡཱའི་དམག་མི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་དཔུང་ལས་གོ་རིམ་ལྡན་པར་ཕྱིར་འཐེན་བྱེད་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཁོངས་གཏོགས་རྒྱལ་ཁབ་དག་ལ་འབྲེལ་འདྲིས་བྱས་ཏེ་གཞན་གྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་བཞིན་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་བུན་གྱིས་སི་རི་ཡཱའི་ཕྱོགས་ཁག་སོ་སོར་དྲན་སྐུལ་བྱས་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་དཔུང་གིས་སི་རི་ཡཱ་དང་དབྱི་སི་རལ་གྱི་ཀི་ལན་མཐོ་སྒང་གི་འཁྲུག་རྩོད་མཚམས་འཇོག་པར་བདེ་སྲུང་བྱེད་པའི་འགན་ཁུར་ཡོད་པ་དང་། དམག་དཔུང་དེ་སི་རི་ཡཱ་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་དུ་དགོས་གལ་ཧ་ཅང་ཆེ་ཟེར། ཁོས་ཕྱོགས་སོ་སོས་དམག་དཔུང་དེའི་འགུལ་སྐྱོད་རང་དབང་དང་བདེ་འཇགས་ལ་བརྩི་འཇོག་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་ད་རུང་ཚོད་འཛིན་ས་ཁུལ་ནང་གི་དམག་དོན་བྱ་འགུལ་གྱིས་སི་རི་ཡཱའི་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གཏོང་སྲིད་པར་ནན་བཤད་བྱས་པར་མ་ཟད། ཕྱོགས་སོ་སོས་དམག་དཔུང་གི་འབྲེལ་འདྲིས་གྲོས་མཐུན་བརྩི་སྲུང་ནན་མོ་བྱས་ཏེ། ཚོད་འཛིན་ས་ཁུལ་ནང་དུ་དྲག་ཤུགས་བྱ་སྤྱོད་ལག་ཏུ་བསྟར་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་། །