མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པའོ་ཧེ་དང་ཁི་ལོ་ཏི་ཡཱའི་ཞིབ་དཔྱོད་སྡེ་ཁག་གིས་མཉམ་ལས་གྲོས་མཐུན་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-05 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པའོ་ཧེ་དང་ཁི་ལོ་ཏི་ཡཱའི་ཞིབ་དཔྱོད་སྡེ་ཁག་གིས་སྤྱི་ཟླ6པའི་ཚེས3ཉིན་མཉམ་ལས་གྲོས་མཐུན་ཞིག་བཀོད་དེ། ཕྱོགས་གཉིས་ཀྱིས་འཐབ་འཁྲུག་ནག་ཉེས་དང་མིའི་རིགས་ལ་རྒོལ་བའི་ནག་ཉེས། རིགས་རྒྱུད་ཚར་གཅོད་ཀྱི་ནག་ཉེས་བཅས་ལ་རྟོག་ཞིབ་བྱེད་སྐབས་ཕན་ཚུན་མཉམ་ལས་བྱེད་རྒྱུ་གཏན་འཁེལ་བྱས།

པའོ་ཧེའི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོ་སཱ་ལེ་ཧའོ་ཝེ་ཆི་དང་ཁི་ལོ་ཏི་ཡཱའི་རྒྱལ་ཁབ་ཞིབ་དཔྱོད་དཔོན་པོ་པཱ་དབྱེ་ཆི་གཉིས་ཀྱིས་ཉིན་དེར་གྲོས་མཐུན་ཡིག་ཆ་བཀོད་པ་དང་། པའོ་ཧེ་རུ་སྡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་དམིགས་བསལ་འཐུས་མི་སོ་ལོན་སིན་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།

སོ་ལོན་སིན་གྱིས་བཤད་རྒྱུར། འཐབ་འཁྲུག་ནག་ཉེས་དང་མིའི་རིགས་ལ་རྒོལ་བའི་ནག་ཉེས། རིགས་རྒྱུད་ཚར་གཅོད་ཀྱི་ནག་ཉེས་བཅས་ལ་རྟོག་ཞིབ་བྱེད་པ་ནི་ས་ཁུལ་དེའི་གྲོས་གཞི་གཙོ་བོ་ཞིག་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་རྒྱལ་ཁབ་དེ་གཉིས་ལ་རོགས་རམ་བྱས་ཏེ་གྲོས་མཐུན་དངོས་འབེབ་བྱེད་རྒྱུ་ཡིན་ཟེར། ཁོས་བལྟས་ན་གྲོས་མཐུན་དེ་ཕྱོགས་གཉིས་ཀྱིས་རིགས་དེ་མཚུངས་ཀྱི་ནག་ཉེས་ལ་རྟོག་ཞིབ་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་ཕན་པར་མ་ཟད་ས་ཁུལ་གྱི་འགྲིག་མཐུན་ལའང་ཕན་པ་ཡོད་པར་འདོད།

གྲོས་མཐུན་ལྟར་ན། པའོ་ཧེ་དང་ཁི་ལོ་ཏི་ཡཱའི་ཞིབ་དཔྱོད་སྡེ་ཁག་གིས་ཕྱིན་ཆད་འཐབ་འཁྲུག་ནག་ཉེས་སོགས་ཀྱི་དོགས་ཡོད་ཉེས་ཅན་ལ་ཞིབ་བཤེར་དང་ཞུ་གཏུག་བྱེད་སྐབས། བདེན་དཔང་སོགས་ཆ་འཕྲིན་བརྗེ་རེས་བྱས་ཏེ་གྱོད་དོན་ཐག་གཅོད་པའི་ནུས་པ་ཇེ་མཐོར་གཏོང་རྒྱུ་རེད། ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དེ་ནི་རྒྱལ་ཁབ་གཉིས་ཀྱི་ཞིབ་དཔྱོད་སྡེ་ཁག་བར་གྱི་མཉམ་ལས་ཙམ་ཡིན་པ་ལས་རྒྱལ་ཁབ་བར་གྱི་གྲོས་མཐུན་མ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག