མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་རྒྱལ་ཁབ་སོ་སོས་སྔ་མོ་ནས་མཚོན་ཆའི་ཉོ་ཚོང་ཆིངས་ཡིག་འགོད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-05 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཚོན་ཆའི་ཉོ་ཚོང་ཆིངས་ཡིག་སྤྱི་ཟླ6པའི་ཚེས3ཉིན་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་རྒྱལ་ཁབ་སོ་སོར་འགོད་དུ་བཅུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཉིན་དེར་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་སྔ་མོ་ནས་ཆིངས་ཡིག་དེ་བཀོད་ནས་དངོས་འབེབས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་བུན་གྱིས་ཆིངས་ཡིག་འགོད་ཆེད་བསྡུས་པའི་དམིགས་བསལ་བྱ་འགུལ་སྟེང་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཚོན་ཆའི་ཉོ་ཚོང་ཆིངས་ཡིག་ལ་བརྟེན་ནས་གང་འདོད་དུ་མཚོན་ཆ་ཉོ་འཚོང་བྱེད་པའི་སྣང་ཚུལ་གཏན་འགོག་བྱེད་རྒྱུ་ཐག་བཅད་པ་དང་། ཆིངས་ཡིག་དེ་ནི་དམག་འཕྲིའི་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་ལ་ཤུགས་སྣོན་པའི་ཐད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཟེར། ཁོས་མཚོན་ཆའི་ཉོ་ཚོང་རྒྱལ་ཁབ་གཙོ་བོས་ཐོག་མར་འགུལ་སྐྱོད་སྤེལ་ཏེ། མཚོན་ཆའི་ཉོ་ཚོང་ཆིངས་ཡིག་དངོས་འབེབས་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་བུན་གྱིས་བཤད་རྒྱུར། ད་ལྟ་ནས་བཟུང་མཚོན་ཆ་དེ་ཕྱིར་གཏོང་ཚོང་བས་མཚོན་ཆའི་ཉོ་ཚོང་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པར་འགན་སྲུང་བྱེད་པའི་གནས་ཚུལ་འོག་ད་གཟོད་རྒྱལ་མཚམས་བརྒལ་ཆོག མཚོན་ཆའི་ཉོ་ཚོང་ཆིངས་ཡིག་དེས་བརྟན་འཇགས་ལ་གཏོར་བརླག་བྱེད་པའི་མཚོན་ཆའི་འཁོར་རྒྱུག་དང་། ཁྱད་པར་དུ་འཁྲུག་རྩོད་བྱུང་སའི་མཚོན་ཆའི་འཁོར་རྒྱུག་ལ་ཚོད་འཛིན་གྱི་ནུས་པ་ཆེན་པོ་ཐོན་སྲིད་ཟེར།

ཁོས་ད་རུང་བསྟན་དོན། ཆིངས་ཡིག་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་ལག་བསྟར་བྱེད་པ་དང་། ཁྱད་པར་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་། ཞི་བདེ་སྲུང་སྐྱོབ། ཞི་བདེ་འཛུགས་སྐྲུན་བཅས་ཐད་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་ནུས་པ་ངེས་ཅན་ལྡན་ལ། དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཚོན་ཆ་བརྟན་འགོག་དང་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བར་ཡང་ཕན་པ་ཡོད་ཟེར།

ཆིངས་ཡིག་དེ་ཉུང་མཐར་ཡང་རྒྱལ་ཁབ50ལྷག་གིས་འགོད་དགོས་པ་དང་། ཆིངས་ཡིག་འགོད་པའི་རྒྱལ་ཁབ50ཡིས་འགྲོ་ལུགས་ལྟར་ཆོག་མཆན་ཡི་གེ་སྤྲད་ནས་ཉིན90འགོར་རྗེས་དངོས་སུ་ནུས་ལྡན་དུ་འགྱུར་སྲིད། ཉིན་དེར་རྒྱལ་ཁབ60ལྷག་གིས་མཚོན་ཆའི་ཉོ་ཚོང་ཆིངས་ཡིག་བཀོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག